R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 130
[A:130]སེམས་ཅན་གྱི་དོན་མཛད། སྐུ་ལྟེ་བ་ཡན་སྟེང་ན་ཡོད་དེ། སྐམ་ན་གནས་པའི་སེམས་ཅན་གྱི་དོན་མཛད། བྱ་རྣམས་ཀྱིས་དབུ་ཐོག་དང་དཔུང་ཁར་བསྡད་བྱ་ཐལ་བདལ་བས། སྐུ་མདོག་མཐིང་ག་ཡོད་ཀྱང་དཀར་པོ་ཅོ་གེར་བཞུགས་སོ། ། ཚེས་བཅོ་ལྔའི་ནུབ་མོ་དབུའི་ཆུ་ཤེལ་ལ་འོད་ཕོག་པས། ཆུ་མཚན་མ་མེད་པས་སྐུ་ཁྲུས་གསོལ་ལོ། །ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པའི་དེད་དཔོན་གྱིས་རྟེན་དེའི་གྲུ་མོ་ཁུག་གྱི་ནང་ལ་གཟིངས་བཅུག་སྟེ་མཆོད་པ་ཕུལ་བས་ཅི་འདོད་པའི་ནོར་བུ་ལོན་ནོ། །རྟེན་དེའི་རྒྱབ་མདུན་གཉིས་ལ་གྲོ་སྐད་རེ་རེ་ཡོད་དོ། །དེ་ལ་ནི་སངས་རྒྱས་ཀྱིས་རབ་ཏུ་གནས་པར་མཛད་དོ། །མེ་ཏོག་འཐོར་ཞིང་བྱིན་གྱིས་བརླབ་པར་མཛད་དོ། །དེ་ནས་སྤྲུལ་པའི་རྟེན་བཞེངས་པའི་བཟོ་རྒྱུ་ལ། བརྒྱ་བྱིན་གྱིས་ལྷའི་རིན་པོ་ཆེ་རྣམ་པ་ལྔ་ནི། ཨིནྡྲ་ནཱི་ལ། ཨིནྡྲ་གོ་བ། མཐོན་ཀ མཐོན་ཀ་ཆེན་པོ༑ བཀོད་མཛེས་དང་ལྔའོ། །མིའི་རིན་པོ་ཆེ་རྣམ་པ་ལྔ་ནི། གསེར། དངུལ། མུ་ཏིག མུ་མེན། བྱི་རུ་དང་ལྔའོ། །གཞན་ཡང་རིན་པོ་ཆེ་སྣ་ཚོགས་བསགས་ཏེ། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་བཞེངས་པར་འདོད་པ་ལ། ཡུམ་སྐྱེ་རྒུའི་བདག་མོ་ན་རེ། དགུང་ལོ་བརྒྱད་ལོན་དུས། ལུམྦིའི་ཚལ་གྱི་ཁྲིའི་མཐོ་དམན་དང༌། དེ་ཚུན་ཕྱག་གཡས་པའི་སྲིན་ལག་ནང་དུ་བསྐུམས་པ་བྱུང༌། དགུང་ལོ་བཅུ་གཉིས་ལོན་དུས། གཉན་ཡོད་སྒོ་མོ་ཆེའི་མ་ཐེམ་ལ་ཞབས་རེག་པས། ཡ་ཐེམ་ལ་དབུ་རེག་པ་ཡིན་ཞེས་ཚད་བསྟན་པས། དེར་བཟོ་བོ་བི་ཤྭ་ཀརྨས་རིན་པོ་ཆེ་རྣམས་ལུགས་སུ་བླུགས་པ་ལ་བརྟེན་ནས། སྤྲུལ་སྐུ་དགུང་ལོ་བཅུ་གཉིས་པའི་ཚད། སྐུ་མདོག་གསེར་བཙོ་མ་ཕྱག་གཉིས་མཉམ་གཞག་དང༌། ས་གནོན་དུ་ཡོད་པ༑ མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཞལ་མཐོང་བ་ཙམ་གྱིས་དུག་གསུམ་གྱི་