R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 258
[A:258]གཙོ་འཁོར་ལྔ་ཡི་ཞིང་བཀོད་དང༌། །བདེ་བ་ཅན་གྱི་ཞིང་གི་བཀོད་པ་གཟིགས། ། ལྷོ་ནུབ་གཡུ་དྲུང་ཁུག་ན་རིགས་གསུམ་མགོན། །ནུབ་ཕྱོགས་ཀ་ཚིགས་རྒྱལ་བ་རིགས་ལྔ་དང༌། །འགྲོ་དོན་མཐའ་ཡས་རྒྱལ་པོའི་མཛད་པ་བྲིས། །དུས་གསུམ་སངས་རྒྱས་འཁོར་གྱིས་བསྐོར་བ་ནི། །ནུབ་བྱང་གཡུ་དྲུང་ཁུག་གི་རི་མོ་ཡིན། ། བྱང་དང་བྱང་ཤར་མཚམས་ཀྱི་རི་མོ་ལ། །ཐུབ་པའི་མཛད་པ་བཅུ་གཉིས་རྫོགས་པར་ཡོད། །ཤར་གྱི་ལོགས་ལ་སྒྲོལ་མ་སྤྱན་རས་གཟིགས། །ཐུབ་པ་བདུད་འདུལ་སེམས་དཔའི་ཚོགས་དང་བཅས། །ཤར་ལྷོ་གཡུ་དྲུང་ཁུག་གི་རི་མོ་ལ། ། བཅོམ་ལྡན་སྨན་གྱི་རྒྱལ་པོའི་ལྷ་ཚོགས་བཞུགས། །སྒྲོལ་མ་རྟ་མགྲིན་དཀར་པོ་ལ་སོགས་པའི། །བར་ཁང་ནང་གི་རི་མོ་ཕལ་ཆེར་ནི། །བེ་བུམ་བརྒྱ་དང་རྩ་བརྒྱད་ཇི་བཞིན་བྲིས། །སྣ་ཚོགས་ཚོན་གྱི་རི་མོ་ཁྲ་བ་སོགས། །དེ་རྣམས་རྒྱལ་པོས་གཟིགས་པས་དགྱེས་པར་གྱུར། །ཤར་ལྷོའི་ལྕོག་ལ་སེང་གི་གྲུ་སྐས་བྱས། ། གཡུང་དྲུང་ཁུག་དེར་དཔལ་ལྷའི་རྟེན་ཞིག་བཙུགས། །བཙན་ཁང་བྱང་མ་ངོ་མཚར་མཛེས་པ་ལ། །དེ་ན་ལྷ་ཡི་བདག་བཟུང་མི་འདུག་པས། །སྤྲུལ་པའི་རྒྱལ་པོ་དེ་ཡི་དགོངས་པ་ལ། །པོ་ཏ་རི་ནས་རང་བྱོན་བཅུ་གཅིག་ཞལ། །ཤིང་རྟར་སྤྱན་དྲངས་རོལ་མོའི་རྒྱན་དང་བཅས། །བཙན་ཁང་བྱང་མར་བཞུགས་དགོས་དགོངས་པ་ལ། །དེ་ཡི་ནུབ་མོ་རང་བྱོན་གཙོ་འཁོར་རྣམས། །ལྷ་ཡི་རོལ་མོས་བསུ་བ་བྱས་ནས་ནི། །རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་གཤེགས་ནས་ཀྱང༌། །བཙན་ཁང་བྱང་མར་གདན་ཁྲི་མེད་པར་བཞུགས། །འཇིག་རྟེན་དབང་ཕྱུག་རྒྱན་གྱིས་མཛེས་པ་དང༌། །ཇོ་མོ་ཁྲོ་གཉེར་ཅན་དང་དབྱངས་ཅན་མ། །བདུད་རྩི་འཁྱིལ་བ་སྒོ་འགྲམ་གཡས་སུ་བཞུགས། ཁརྶ་པཱ་ཎི་མགྲིན་པ་སྔོ་བ་དང༌། །རྗེ་བཙུན་སྒྲོལ་མ་ལྷ་མོ་