R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 259
[A:259]འོད་ཟེར་ཅན། །རྟ་མགྲིན་རྒྱལ་པོ་སྒོ་འགྲམ་གཡོན་དུ་བཞུགས། །དེ་ཡི་མོད་ལ་རི་དང་བཅས་པ་ཡི། །རྒྱ་མཚོའི་གོས་ཅན་རྣམ་པ་དྲུག་ཏུ་གཡོས། །ལྷ་རྣམས་ཀུན་གྱིས་མེ་ཏོག་ཆར་པ་ཕབ། །དེ་ནས་རྒྱལ་པོ་ཡབ་ཡུམ་བློན་པོའི་ཚོགས། །དད་པའི་ཤུགས་ཀྱིས་མཆི་མས་གདོང་གཡོགས་ཤིང༌། །རང་རང་མཆོད་པའི་ཡོ་བྱད་ཐོགས་ནས་ནི། །རབ་གུས་གདུང་བས་ཕྱག་འཚལ་མཆོད་པ་འབུལ། །ཐུན་མོང་མཆོག་གི་དངོས་གྲུབ་ཐོབ་པར་གྱུར། །འདི་ཡི་གཞི་བདག་བསྟན་པ་བསྲུང་བ་ལ།། ཀླུ་རྒྱལ་དགའ་བོ་དང་ནི་ཉེ་དགའ་བོ། །སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་དང༌། །གནོད་སྦྱིན་དྲི་ཟའི་ཚོགས་དང་ཀུ་བེ་ར། །མ་ཧཱ་ཀཱ་ལ་དཔལ་གྱི་ལྷ་མོ་སོགས། །ལྷ་ཁང་བསྟན་པ་སྲུང་བའི་བདག་པོར་བསྐོས། །ཞེས་སོ། །དེ་ནས་རྒྱ་མོ་བཟས་ཀྱང༌། རྒྱལ་པོ་ར་མོ་ཆེར་གདན་དྲངས་ཏེ། ལྷ་ཁང་གཟིགས་སུ་ཕུལ་བས་ཤིན་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་འཕྲུལ་སྣང་དང༌། ར་མོ་ཆེ་གཉིས་ལ་རབ་ཏུ་གནས་པ་མཛད་པར་དགོངས་ནས། དགའ་སྟོན་གྱི་ཆས་རྒྱ་ཆེན་པོ་དང༌། མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་བཤམས་ཏེ། གདུགས་དང་རྒྱལ་མཚན་དང༌། རོལ་མོ་སྣ་ཚོགས་པ་དང་བཅས་ནས། དེ་ནས་རྒྱལ་པོས་དཀྱིལ་འཁོར་གྱི་སྟེང་དུ་བྱོན། ཕྱག་ཏུ་མེ་ཏོག་བཟུང༌། ཐར་མོ་སྦྱར་ཏེ་བདེན་པའི་ཚིག་བརྗོད་པ་ནི། རྐང་གཉིས་གཙོ་བོ་ཐུབ་དབང་ཤཱཀྱའི་སྲས། །གྲངས་མེད་སྤྲུལ་པས་འགྲོ་བའི་དོན་མཛད་པ། །སྟོན་པ་བདེ་བར་གཤེགས་པ་ལ་སོགས་པའི། ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བདེ་ལེགས་སྩོལ། །ཐབས་མཁས་ཐུགས་རྗེ་ལྡན་པའི་ཆུ་རྒྱུན་གྱིས། །གང་ལ་གང་འདུལ་སྨིན་ཅིང་གྲོལ་བར་མཛད། །རྗེ་བཙུན་སྤྱན་རས་གཟིགས་དབང་ལ་སོགས་པ། །བྱང་ཆུབ་སེམས་དཔའ་རྣམས་