R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 260
[A:260]ཀྱིས་བདེ་ལེགས་སྩོལ། །རྣམ་དག་དྲི་མ་མེད་པ་རྒྱལ་བའི་བཀའ། །བསྡུ་བ་རྣམ་བཞིས་དམ་ཆོས་རྒྱས་མཛད་པའི། །རྒྱལ་སྲས་གནས་བརྟན་རབ་འབྱོར་ལ་སོགས་པའི། །འཕགས་པའི་ཉན་ཐོས་རྣམས་ཀྱིས་བདེ་ལེགས་སྩོལ། །གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ན། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །གནས་འདིར་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། སྐད་ཅིག་ཉིད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་དཔའ་མོ། དམ་པ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཉི་ཟེར་གྱི་རྡུལ་ཙམ་ལྷགས་ཏེ། སྤྲིན་དང་ན་བུན་བཞིན་དུ་འཐིབས་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་མེ་ཏོག་གཏོར་ནས་བྱིན་གྱིས་བརླབས་པར་མཛད། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད་ནས་རབ་ཏུ་གནས་པར་མཛད་དོ། ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཆེན་པོ་ཕབ་ཅིང༌། ལྷའི་བུ་དང་བུ་མོ་རྣམས་ཀྱིས་ཀྱང་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། ལྷབ་ལྷུབ་དང༌། རིན་པོ་ཆེའི་ཕྲེང་བ་ལ་སོགས་པའི་རྒྱན་དུ་མ་དང༌། ལྷའི་རྔ་བོ་ཆེ་དང༌། གླིང་བུ་དང༌། ཁར་རྔ་དང༌། ཅང་ཏེའུ་དང༌། རོལ་མོའི་ཚོགས་དུ་མ་འཁྲོལ་ཞིང༌། ལྷའི་སྤོས་དྲི་ཞིམ་པོ་རྣམས་ཀྱང༌། མ་ལ་ཡའི་རླུང་དལ་བུས་ཁྱེར་བ་ལྟར་ཕྱོགས་བཅུར་ཁྱབ་པས་དྲི་ཞིམ་མོ། །ལྷའི་བུ་དང་བུ་མོ་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྒྲ་ཕྱུང་སྟེ། སངས་རྒྱས་ཀུན་གྱི་དགོངས་པ་གཅིག་བསྡུས་པའི། ། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག་ཉིད་ཅན། །མཐའ་འཁོབ་ཡུལ་དེར་བསྟན་པ་རྒྱས་བྱའི་ཕྱིར། །འཕགས་པ་ཁྱེད་ནི་མི་ཡི་བདག་པོར་འཁྲུངས། །རིག་