[A:261]གཟུགས་ཡོན་ཏན་དཔལ་གྱིས་མངོན་པར་མཐོ། །སྲོང་བཙན་སྒམ་པོ་སངས་རྒྱས་སྤྲུལ་པའི་སྐུ། །ཆོས་རྒྱལ་ཁྱེད་ཀྱི་གཙུག་ལག་ཁང་གཉིས་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་གནས་པར་མཛད། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། །ལྷ་རྣམས་ཀུན་གྱིས་མཆོད་པ་རྒྱ་ཆེན་ཕུལ། །ནམ་མཁའ་ལ་ནི་མེ་ཏོག་ཆར་པ་ཕབ། །བར་སྣང་ལ་ནི་བདུག་སྤོས་སྤྲིན་བཞིན་གཏིབས། །ས་གཞི་ཐམས་ཅད་རིན་ཆེན་གཅལ་དུ་བཀྲམ། །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་པར་བཙུགས། །དམ་པ་ཆོས་ཀྱི་རྔ་ཆེན་དམ་པ་བརྡུང༌། །དེ་རིང་མཁའ་ལ་ཆོས་ཀྱི་ཉི་མ་ཤར། །དེ་རིང་དཔལ་གྱིས་སྒྲོན་མེས་ཀུན་ལ་ཁྱབ། །དེ་རིང་རྒྱལ་པོས་དབང་བསྐུར་བྱིན་རླབས་ཐོབ། །ཉི་མའི་འོད་ཀྱིས་མདྨོའི་ཁ་བྱེ་ལྟར། །དེ་རིང་བློ་ཡི་མུན་པ་རབ་ཏུ་བསལ། །དབུལ་པོས་ནོར་གྱི་གཏེར་ཁ་རྙེད་པ་བཞིན། ། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཁྱེད་ཀྱིས་ནི། །ཐུགས་ཀྱི་དབང་པོ་དགའ་བདེས་ཚིམ་པར་མཛོད། །ཅེས་ཟེར་ཏེ་མི་སྣང་བ་གྱུར་ཏོ། །དེ་ལྟར་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། ར་མོ་ཆེའི་གཙུག་ལག་ཁང་གཉིས་ལ། རབ་ཏུ་གནས་པ་ལྷན་གཅིག་ཏུ་ལྷུན་གྱིས་གྲུབ་པར་མཛད་དོ། །ཚུལ་དེ་ལྟ་བུའི་གསལ་ལ་ངོས་བཟུང་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའམ། ཆུ་ནང་གི་ཟླ་བ་ལྟ་བུར། རྗེ་བློན་འབངས་དང་བཅས་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བར་གྱུར་ཏེ། དགའ་ཞིང་མགུ་ལ་ཡི་རངས་བར་གྱུར་ཏོ། །དེ་ལྟར་དགའ་སྟོན་རྒྱ་ཆེན་པོ་མཛད་ནས། བོད་འབངས་ཐམས་ཅད་དང་མཐུན་པར། གླུ་གར་ལ་སོགས་པ་ལྟད་མོ་བསམ་གྱིས་མི་ཁྱབ་པར་མཛད་དོ། །དེའི་དུས་སུ་རྒྱལ་པོ་དགའ་སྟོན་གྱི་གདན་སར་རིན་པོ་ཆེའི་ཁྲི་སྟེང་ན་བཞུགས་པ་ལས། ཡར་ལ་བཞེངས་ཏེ། ཚངས་པའི་