R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 262
[A:262]དབྱངས་ལྟ་བུའི་གསུངས་ཕྱུང་ནས། རྒྱལ་པོ་དགྱེས་པའི་གླུ་བླངས་པ། །ཐུགས་རྗེའི་བདག་ཉིད་དཀོན་མཆོག་གསུམ། །ཐར་པའི་ལམ་སྟོན་སྤྱན་རས་གཟིགས། ། གུས་པས་ཡིད་ཀྱིས་གསོལ་བ་འདེབས། །བཀྲ་ཤིས་གླུ་ལ་དགོངས་སུ་གསོལ། ། དེ་རིང་མདུན་གྱི་ནམ་མཁའ་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། ། སྤྲིན་ཕུང་ལྟ་བུར་བཞུགས་པ་མཐོང༌། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། ། ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །སིལ་སྙན་རོལ་མོའི་སྒྲ་ཡང་འཁྲོལ། །མེ་ཏོག་པདྨའི་ཆར་བབ་པས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །ནག་པོའི་ཕྱོགས་ལས་རྣམ་པར་རྒྱལ། །བདུད་དཔུང་བཅོམ་པའི་མཐུ་དཔལ་གྱིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། ། དམ་པ་ཆོས་ཀྱི་རྔ་ཆེན་བརྡུང༌། །དུག་ལྔའི་གཏི་མུག་རང་སར་ཞི། །དཀོན་མཆོག་གསུམ་གྱི་རྔ་སྒྲ་ཡིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དེ་རིང་སྐྱིད་པའི་ཉི་མ་ཤར། །རང་དབང་མེད་པའི་དགའ་སེམས་སྐྱེས། །འདོད་རྒུའི་ལོངས་སྤྱོད་ཆར་བཞིན་བབས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །ཡི་དམ་ལྷ་ཡི་བཀྲ་ཤིས་ཀྱིས། །སྲོང་བཙན་སྒམ་པོ་བཀྲ་ཤིས་པས། །བཀྲ་ཤིས་གླུ་རུ་བླངས་པ་ཡིན།། ང་ཡི་བོད་འབངས་རྣམས་ལ་བཀྲ་ཤིས་ཤོག །ཅེས་གསུངས་པ་དང༌། བཙུན་མོ་དང་བློན་པོ་བོད་འབངས་དང་བཅས་པ་ཐམས་ཅད་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ནས། རྒྱལ་པོ་ལ་ཕྱག་བྱས་ཤིང་མཆོད་པ་ཕུལ་ལོ། །དེ་ནས་ཡང་རྒྱལ་པོས་བྲག་ལྷ་ཀླུ་སྦུགས་སུ་ལྷ་ཁང་བཞེངས་ཏེ། རྟེན་གྱི་གཙོ་བོ་ཐུབ་པ་བྲག་ལྷ་མགོན་པོ། དེའི་གཡས་ན་ཤཱ་རིའི་བུ་དང༌། གཡོན་ན་མཽ་གལ་གྱི་བུ། དེའི་གཡས་ན་བྱམས་པ། གཡོན་ན་སྤྱན་རས་གཟིགས་ཏེ། གཙོ་འཁོར་ལྔ་བྲག་ལ་གསལ་