R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 263
[A:263]བར་བྱོན་ནའང༌། མ་འོངས་པའི་སེམས་ཅན་བསོད་ནམས་བསོག་པའི་ཕྱིར་དུ། བལ་པོའི་ལྷ་བཟོས་འབུར་དུ་བརྐོས། བསྐོར་ཁང་བྲག་ལ་བརྐོ་བ་ལ། བོད་འབངས་རྣམས་ཀྱིས་ལེགས་པར་བརྐོས་ཏེ། ཚྭ་ལ་དྲུག་ཅུ་བེད་ཡོད་པའི་སྐབས་སུ༑ བྲག་ཕྱེ་བྲེ་རེ་ཕེད་པ་ལ། རྒྱལ་པོས་ཚྭ་བྲེ་རེ་བརྔན་པར་བྱིན། བྲེ་ཕྱེད་ཙམ་ཕེད་ཀྱང༌། བྲག་ཕྱེ་དང་ཚྭ་བརྗེ་པོ་བྱས་ཏེ། ལྷ་ཁང་དུ་ལྷའི་རི་མོ་ལ་སོགས་པ་ལེགས་པར་ཚར་ནས་རབ་ཏུ་གནས་པ་མཛད་དོ། །ལྷ་ས་རྣམ་གཉིས་དང༌། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་ལ་སོགས་པ་ལེགས་པར་ཚར་ནས་རབ་ཏུ་གནས་པ་མཛད་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། བཅུ་དྲུག ཕན་པ་དང་བདེ་བ་འབྱུང་བའི་ཕྱིར། གཏེར་སྦས་པ་དང་བོད་འབངས་ཐམས་ཅད་ཆོས་ལ་བཀོད་པར་མཛད་པའི་སྐོར། དེ་ནས་རྒྱ་མོ་བཟའ་དང་བལ་མོ་བཟའ་གཉིས་ལ་སྲས་མ་འཁྲུངས་པར། ཞང་ཞུང་བཟའ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་མ་འཁྲུངས། དེས་ཐིམ་བུ་སྐོག་པའི་ལྷ་ཁང་བཞེངས། འདི་ལྕགས་ཁ་ཁོང་ན་ཡོད། དེ་ནས་རུ་ཡོང་བཟའ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་མ་འཁྲུངས། དེས་མིག་མངས་ཚལ་གྱི་ལྷ་ཁང་བཞེངས། འདི་གོ་ཤ་གླིང་ན་ཡོད། དེ་ནས་མི་ཉག་བཟའ་བྱ་བ་ཁབ་ཏུ་བཞེས། དེ་ལའང་སྲས་མ་འཁྲུངས། དེས་ཁ་བྲག་གསེར་གྱི་ལྷ་ཁང་བཞེངས། འདི་མཁར་སྣ་གདོང་ན་ཡོད། དེ་ནས་སྟོད་ལུང་མང་གི་ནང་ནས། མང་བཟའ་ཁྲི་ལྕམ་བྱ་བ་ཁབ་ཏུ་བཞེས། དེ་ལ་སྲས་གཅིག་འཁྲུངས་པར་ལུང་བསྟན་ཏེ། ཟླ་བ་དགུ་ངོ་བཅུ་ལོན་པ་ན། སྲས་གུང་རི་གུང་བཙན་ཞེས་པ། རྒྱལ་པོའི་གདུང་བརྒྱུད་འགྲན་ཟླ་དང་བྲལ་བ་གཅིག་ལྕགས་མོ་སྦྲུལ་གྱི་ལོ་ལ་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་དུ་འཁྲུངས་ཏེ། བཙས་སྟོན་