R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 264
[A:264]རྒྱ་ཆེན་པོ་མཛད་ནས་ཐམས་ཅད་དགའ་བར་གྱུར་ཏོ། །ཡུམ་སྲས་དེ་གཉིས་ཀྱི་ཐུགས་དམ་དུ་ཡེར་པའི་གནས་རི་བྲག་གི་དབྱིབས་ནི་འཕགས་མ་སྒྲོལ་མ་བཞུགས་པ་འདྲ་བའི་པང་དུ་ལྷ་ཁང་དང་མཆོད་རྟེན་བཞེངས་ཏེ། རབ་ཏུ་གནས་པ་མཛད་ནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། བསྟན་པའི་སྲོག་རྩ་གཅིག་པར་ཡབ་ཀྱིས་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་པོས་བོད་འབངས་རྣམས་དགེ་བ་བཅུའི་ཁྲིམས་ལ་གནས་པར་མཛད་པའི་ཕྱིར་དུ། སྐྲག་ཅིང་འཇིགས་པའི་ཁྲིམས་རར་འཆས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱས་པ་དང༌། བོད་ཁྲིམས་ལས་འགལ་བ་བྱས་པ་རྣམས་ལ་ཆད་པ་གཅོད་པ་ཡིན་ནོ་ཞེས་བསྒྲགས་ནས་སྤྲུལ་པ་མཛད་དེ། མི་མ་ཡིན་རྣམས་ལ་བཅིང་བ་དང༌། བརྡེག་པ་དང༌། མིག་འདོན་པ་དང༌། སྒྱིད་པ་གཅོད་པ་ལ་སོགས་པ་མཛད་དེ། དོན་ལ་གྲུབ་པ་མེད་ཀྱང༌། ཐམས་ཅད་དངངས་སྐྲག་བསྐྱེད་པའི་ཐབས་མཛད་ནས། དགེ་བཅུའི་ཁྲིམས་ལ་བཀོད་དོ། །དེའི་ཚེ་ལི་ཡུལ་ལྕང་ར་སྨུག་པོ་ན། དགེ་ཚུལ་གཉིས་ཀྱིས་འཕགས་པ་འཇམ་དཔལ་ལོ་བརྒྱད་ཀྱི་བར་དུ་བསྒྲུབས་པས། མ་འགྲུབ་པར་ནམ་མཁའ་ནས་སྒྲ་བྱུང་སྟེ། དགེ་ཚུལ་ཁྱེད་གཉིས་དང་འཇམ་དབྱངས་ལས་འབྲེལ་མེད་པས་དངོས་གྲུབ་བརྙེས་པར་དཀའ། ཁྱེད་གཉིས་ཀྱི་ལྷ་འཕགས་པ་སྤྱན་རས་གཟིགས་ཡིན་པས། འཕགས་པ་དེ་ད་ལྟ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན༑ བོད་ཀྱི་རྒྱལ་པོ་རུ་སྐུ་སྤྲུལ་ཡོད། དེར་སོང་དང་ཞལ་དངོས་སུ་མཇལ་བར་ཡོད་དོ་ཞེས་ལུང་བསྟན་ཏེ་མི་སྣང་བར་གྱུར་ཏོ། །དེ་ཐོས་པ་ཙམ་གྱིས་དགེ་ཚུལ་གཉིས་པོའི་ལུས་ཀྱི་བ་སྤུ་རབ་ཏུ་གཡོས་པར་གྱུར་ཏོ། །ལུས་དང་སྲོག་ལ་མི་བལྟ་བར་རྒྱགས་ཕྱེ་ཁུར་ནས་བོད་དུ་འོངས་སོ། །དེར་སྟོད་ལུང་མདའ་བརྒལ་བའི་