R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 265
[A:265]འཕྲང་ལ་སླེབས་པ་དང༌། ཆུའི་འགྲམ་ན་མིའི་རོ་མགོ་མེད་པ་དང༌། མིག་མེད་པ་མང་པོ་བྱ་ཁྱིས་ཟ་གྱིན་འདུག་པ་མཐོང་ངོ༌། །དེར་དགེ་ཚུལ་གཉིས་ཐེ་ཚོམ་དུ་གྱུར་ཏེ༑ བོད་ཀྱི་མི་ལ་གཏམ་བྱས་ནས། རྒྱལ་པོ་གང་ན་བཞུགས། རོ་འདི་རྣམས་ལ་ཅི་བྱུང་བ་ཡིན་བྱས་པས། བོད་ཀྱི་མི་ན་རེ། རྒྱལ་པོ་ལྷ་ས་ན་བཞུགས། རོ་འདི་རྣམས་ཁྲིམས་ལས་འགལ་བ་ལ་རྒྱལ་པོས་ཆད་པ་བཅད་པ་ཡིན་ཟེར་བས་དགེ་ཚུལ་གཉིས་ལོག་ལྟ་སྐྱེས་ཏེ། སྤྱན་རས་གཟིགས་བདུད་དུ་འདུག་པ། མི་འདི་ཙམ་གསོད་པ། ངེད་རང་གཉིས་ལོག་ལ་འདོང་ཟེར་ཏེ་ལོག་གོ །དེར་རྒྱལ་པོས་ཁོང་གཉིས་ཀྱི་བསམ་པ་མཁྱེན་ནས། བློན་པོ་འབྲི་སེ་རུ་གོང་སྟོན་ལ། རྒྱལ་པོའི་ཞལ་ནས། རྟ་ཞོན་ལ་མགྱོགས་པར་སོང་ཤིག སྟོད་ལུང་མདའ་ན་རབ་ཏུ་བྱུང་བའི་རྟགས་མགོ་ལ་སྐྲ་མེད་པ། གོས་ངུར་སྨྲིག་གྲུ་བཞི་གོན་པའི་མི་གཉིས་ངའི་དྲུང་དུ་འོང་རྒྱུ་ཡིན་པ་ལོག་ལྟ་སྐྱེས་ནས་ཕྱིར་ལོག་སོང་ཡོད་པས། ཞི་བའི་ཐབས་ཀྱིས་འདིར་ཁྲིད་ཤོག་གསུང་ངོ༌། །དེར་བློན་པོས་རྗེས་ཟིན་ཏེ། ཁོང་གཉིས་ཤིན་ཏུ་སྐྲག་པར་གྱུར་པ་ལ། ཞི་བའི་གཏམ་སྨྲས་ནས་རྒྱལ་པོའི་དྲུང་དུ་ཁྲིད་འོངས་སོ། ། དེར་རྒྱལ་པོས་དགེ་ཚུལ་གཉིས་ལ་ཕྱག་མཛད་དེ། དེ་ནས་རྒྱལ་པོས་ཞལ་འཛུམ་པ་དང་བཅས་ཏེ། དགེ་ཚུལ་ཁྱེད་གཉིས་ཀྱིས་བོད་དུ་ཅི་ལ་འོང་གསུངས་པས། དགེ་ཚུལ་གཉིས་ན་རེ། ངེད་གཉིས་ལིའི་ཡུལ་ནས་འོངས་པ་ཡིན་ཏེ། འཕགས་པ་འཇམ་དཔལ་ལོ་བརྒྱད་ཀྱི་བར་བསྒྲུབས་པས་མ་འགྲུབ་པར་ནམ་མཁའ་ནས་སྒྲ་བྱུང་སྟེ་ཁྱོད་གཉིས་ཀྱི་ལྷ་འཕགས་པ་སྤྱན་རས་གཟིགས་ཡིན་པས། འཕགས་པ་དེ་ད་ལྟ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན་རྒྱལ་པོ་ཞིག་ཏུ་སྤྲུལ་ཡོད། དེར་སོང་དང་ཞལ་དངོས་སུ་མཇལ་བར་ཡོད་གསུངས་པས། ངེད་གཉིས་ཀྱིས་ལུས་དང་