[A:266]སྲོག་ལ་མ་བལྟས་པར་བོད་དུ་འོང་བ་ཡིན། ལམ་ཁ་ན་མི་རོ་མང་པོ་འདུག་པས་བོད་ཀྱི་མི་ལ་དྲིས་པས། རྒྱལ་པོས་ཁྲིམས་ལས་འགལ་བ་ལ་ཆད་པ་བཅད་པ་ཡིན་ཟེར་བས། ངེད་གཉིས་སྐྲག་ནས་ཕྱིར་ལོག་པ་ཡིན་ཟེར་རོ། །དེར་རྒྱལ་པོས་ཁོང་གཉིས་ལ་བཟའ་བཏུང་གིས་ཚིམ་པར་བྱས་ནས། དབུའི་ཐོད་ཕུད་དེ། ཨ་མི་དྷེ་བའི་ཞལ་བསྟན་ནས། ང་ནི་བོད་ཀྱི་རྒྱལ་པོ་ཐུགས་རྗེ་ཆེན་པོ་ཡིན། ངས་རྒྱལ་སྲིད་བཟུང་ནས་ད་ལྟ་ཕན་ལ་སེམས་ཅན་ལ་ཕན་བཏགས་ནས། ཐར་པ་བྱང་ཆུབ་ཀྱི་ལམ་ལ་འཁོད་པ་མ་གཏོགས། གནོད་པ་ཁབ་རྩེ་གང་ཡང་སྐྱེལ་མ་མྱོང༌། བོད་ཀྱི་མི་འདི་རྣམས་སྤྲེའུ་དང་བྲག་སྲིན་ལས་ཆད་པ་ཡིན་པས། དྲག་པོའི་སྤྲུལ་པ་བྱས་པ་ཡིན་གསུངས་ཏེ། སེ་གོལ་བརྡབ་པས། རོ་རྣམས་འཇའ་ཡལ་བ་བཞིན་སོང་ངོ༌། །དེར་དགེ་ཚུལ་གཉིས་དད་ཅིང་གུས་པར་གྱུར་ཏེ། རྒྱལ་པོ་ཆེན་པོ་ངེད་གཉིས་ལམ་ཐག་རིང་ནས་དཀའ་བ་སྤྱད་འོངས་པ་ཆོས་གོ་སླ་བའི་ཕྱིར། དོན་གསུམ་ལ་འདུས་པའི་གདམས་པ་ཞིག་ཞུ་ཞུས་པས། རྒྱལ་པོའི་ཞལ་ནས་དགེ་ཚུལ་གཉིས་ཉོན་ཅིག་ཆོས་ཐམས་ཅད་ཀྱི་རྩ་བ་ཧྲིལ་གྱིས་དྲིལ་ན་དོན་གསུམ་ལ་འདུས་ཏེ། ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་ལ་སོགས་པ་སྤངས་ཏེ། དཀོན་མཆོག་གསུམ་གྱི་དྲུང་དུ་ཕྱག་དང་བསྐོར་བ་གྱིས་ལ་བདེ་འགྲོ་མཐོ་རིས་ཐོབ་པའི་རྟེན་དུ་ཚུལ་ཁྲིམས་ཀྱི་ནོར་བུ་གཅེས་པར་འཛིན་ཅིག བསླབ་པ་རིན་པོ་ཆེའི་རྒྱན་དང་ནམ་དུ་ཡང་མི་འབྲལ་བར་གྱིས་ཤིག ངག་གི་སྒོ་ནས་རྫུན་ཕྲ་མ། ཚིག་རྩུབ་མོ་སྨྲ་བ་ལ་སོགས་པ་སྤངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཐམས་ཅད་ཀྱི་རྩ་བ་བསྡུས་པའི་སྙིང་པོ། དགེ་ལེགས་དང་ཡོན་ཏན་ཐམས་