[A:131]ནད་ཞི་ནས། བཅོས་མ་མ་ཡིན་པའི་མོས་གུས་སྐྱེ་བ། མཐོང་ཐོས་དྲན་རེག་གི་ཡོན་ཏན་དུ་མ་དང་ལྡན་པ། སྟོན་པ་དངོས་ཀྱི་སྐུ་དང་ཁྱད་པར་མ་མཆིས་པའི་རྟེན་འདི་བཞེངས་སུ་གསོལ་ནས་ལྷ་མི་ཀུན་གྱི་དཔལ་དུ་གྱུར་ཏེ། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་གནས་པར་མཛད་དེ། མེ་ཏོག་འཐོར་ཞིང་བྱིན་གྱིས་བརླབ་པར་མཛད་དོ། །དེ་ནས་རྟེན་འདི་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ། ལྷའི་ཡུལ་དུ་ལོ་བརྒྱ་ཕྲག་གཅིག་བཞུགས་སོ། །ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨུ་ཌྱན་གྱི་ཡུལ་དུ་གདན་དྲངས་ཏེ། དེར་ལོ་ལྔ་བརྒྱ་ཕྲག་གཅིག་བཞུགས་སོ། །དེ་ནས་ཡང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ཏེ། རྒྱ་གར་རྡོ་རྗེ་གདན་དུ་ལོ་ལྔ་བརྒྱ་ཕྲག་གཅིག་བཞུགས་སོ། །དེ་ལྟར་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། སྐུ་གསུམ་པོ་འདི་བཞེངས། མཛད་པ་ཡོངས་སུ་རྫོགས་ནས། དགོངས་པ་མྱ་ངན་ལས་འདས་སོ། །སངས་རྒྱས་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པའི་ཚེ། ཡུལ་མ་ག་དྷ་ན། ཁྱིམ་བདག་མ་ཧཱ་པཱ་ལ་ཞེས་པ་བྲམ་ཟེ་ཡིན་པ་ཞིག་ལ་ཇོ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཅིག་ཡོད། དེ་གཉིས་ལ་བུ་གསུམ་ཡོད་པ་ལས། བུ་ཆེ་བ་གཉིས་ནི་ཕྱི་པ་ལ་དགའ། ཆུང་བ་ནི་ནང་པ་ལ་རབ་ཏུ་མོས་ཏེ། ཕྱི་ནང་གི་གྲུབ་མཐའ་ལ་མ་འཆམས་པར། བུ་གསུམ་པོ་འཐབས་པས། ཨ་མ་ན་རེ། ཁྱེད་གསུམ་པོ་ཅི་ལ་འཐབ། འཁྱགས་ན་ནི་རས་གོས་གྱོན། ལྟོགས་ན་ནི་འབྲས་ཆན་ཟོ་ཟེར་བ་ལ། བུ་ཆུང་བ་ན་རེ། ངེད་སྤུན་གསུམ་ཕྱི་ནང་གི་གྲུབ་མཐའ་ལ་མ་འཆམས་པ། ཕྱི་ནང་གཉིས་གང་བཟང་ཟེར་བས། ཨ་མ་ན་རེ། འདི་ནས་གངས་རི་ཏི་སེ་ལ་ལྷ་མ་ཧཱ་དེ་བ་བཞུགས། དེར་ཕྱི་ནང་གི་ཆོས་ལུགས་གང་བཟང་འདྲི་བ་ལ་བཏང་གི་ཟེར་ནས། ལྷམ་ལ་རྐང་