[A:267]ཅད་ཀྱི་གཏེར་མཛོད། ཕན་བདེའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། གསུང་མཆོག་ཡི་གེ་དྲུག་པ་ལ་བཟླས་བརྗོད་གྱིས་ཤིག ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་པར་ལྟ་བ་ལ་སོགས་སྤངས་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང༌། ཁམས་གསུམ་རིག་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས། དེ་རྣམས་ཀྱི་སྡུག་བསྔལ་བཟོད་ཐབས་མེད་པ་རྣམས་རང་གི་རྒྱུད་ཐོག་ཏུ་ལེན་པའི་འདུན་པ་དྲག་པོ་དང་བཅས་ཤིང༌། རང་གི་ཕན་བདེ་གང་ཡོད་དེ་རྣམས་ལ་སྟེར་ལ། བདག་བས་གཞན་གཅེས་བསྒོམ་པའི་བསམ་པ་བཟང་པོ་དང་ལྡན་ཏེ། མདོར་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་སྐད་ཅིག་ཀྱང་མ་བྲལ་བར་གྱིས་ཤིག ཆོས་བཟང་ལས་བསམ་བཟང་ལྷག་པ་ཡིན་ནོ། །དོན་འདི་གསུམ་དང་ལྡན་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པར་འགྱུར་རོ། །དོན་འདི་གསུམ་རང་རྒྱུད་ལ་མེད་ན། བཀའ་མདོ་རྒྱུད་ལུང་མན་ངག་ཐམས་ཅད་བློ་ལ་ཡོད་ཀྱང༌། ཁ་ཆོས་ཡིན་ཞིང་སྙིང་པོ་མེད་གསུངས་སོ། །དེ་ནས་རྒྱལ་པོས་དགེ་ཚུལ་དེ་གཉིས་ལ་ཐུགས་རྗེ་ཆེན་པོའི་ཆོས་སྐོར་གསུམ་དང༌། མདོ་པདྨ་དཀར་པོ་དང༌། ཡི་གེ་དྲུག་པའི་ཕན་ཡོན་རྣམས་གསུངས་ནས། ཐར་པ་བྱང་ཆུབ་ཀྱི་ལམ་ལ་འཁོད་པར་མཛད་དོ། །དེ་ནས་དགེ་ཚུལ་གཉིས་པོ། དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ནས། རྒྱལ་པོའི་ཞབས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཆོས་རྒྱལ་སྤྲུལ་པའི་སྐུ།། ཨཱརྱ་པཱ་ལོ་ཐུགས་རྗེ་ཅན། །ཡུལ་དུ་འགྲོ་བས་སྐྱེལ་མ་ཞུ། །ཟེར་བས་རྒྱལ་པོའི་ཞལ་ནས། ཁྱེད་གཉིས་གེགས་མེད་པར་སྐད་ཅིག་ལ་ཡུལ་དུ་སླེབ་པར་འདོད་དམ་གསུངས་པས། དགེ་ཚུལ་གཉིས་ན་རེ། ཅི་ནས་ཀྱང་དཀའ་ཚེགས་མེད་པར་