[A:268]ཡུལ་དུ་སླེབ་པར་འདོད་ལགས་ཟེར་བས། རྒྱལ་པོས་ཁོང་གཉིས་ཀྱི་ཐུ་བར་བྱེ་མ་བྲེ་རེ་བླུགས་ནས་གསེར་འགྱུར་གྱི་བྱིན་གྱིས་བརླབས་ཏེ། ཁོང་གཉིས་ཀྱི་མགོ་ལ་ཕྱག་བཞག་ནས་ཡོ་བྱད་གང་ཡོད་སྔས་སུ་ཆུག་ལ། ཁྱེད་རང་གཉིས་ཀྱི་ཡུལ་ཡིད་ལ་དྲན་པ་གྱིས་ལ་ཉོལ་ཅིག་གསུང་ངོ༌། །དེར་ཁོང་གཉིས་ཀྱིས་དེ་ལྟར་བྱས་ནས་ཉལ་བས་གཉིད་ཐུམ་པ་ཞིག་སོང་བ་དང༌། ཁོང་རང་གཉིས་ཀྱི་ཡུལ་ན་སླེབ་འདུག་གོ །ཐུ་བའི་བྱེ་མ་དེ་གསེར་དུ་སོང༌། སྐྱེ་བ་ཕྱི་མར་དེ་གཉིས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ནས་སྲས་གུང་རི་གུང་བཙན་དགུང་ལོ་བཅུ་གསུམ་བཞེས་ནས། རྒྱལ་སྲིད་བཟུང་བཙུན་མོ་ཁབ་ཏུ་བཞེས་པས། སྲས་མང་སྲོང་མང་བཙན་བྱ་བ་མེ་ཕོ་ཁྱིའི་ལོ་ལ་འཁྲུངས་སོ། །གུང་རི་གུང་བཙན་གྱིས་རྒྱལ་སྲིད་ལོ་ལྔ་བཟུང༌། དགུང་ལོ་བཅོ་བརྒྱད་བཞེས་དུས། པོ་ཏ་ལ་རུ་སྐུ་གཤེགས་སོ། །གུང་རི་གུང་བཙན་ཡབ་ཀྱི་གོང་དུ་འདས། །དེ་ཡི་བང་སོ་དོན་མཁར་མདའ་རུ་བརྩིག །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་ཆེན་གུང་རི་ལགས་སོ་སྐད། །དེ་ནས་སླར་ཡབ་རྒྱལ་པོས་རྒྱལ་སྲིད་བཟུང་སྟེ༑ བདེ་སྐྱིད་དང་ལྡན་པར་མཛད་དོ། །དེ་ནས་ཡང་རྒྱལ་པོའི་ཐུགས་ལ་ངའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་གཉིས་ལ། སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་དགོས་ཏེ། རིན་པོ་ཆེའི་གླིང་ལྟ་བུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང༌། དཔའ་མོ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རེ་ཡང་ཐ་མལ་པའི་གཟུགས་སུ་སྤྲུལ་ནས་རྒྱུན་དུ་གནས་པ་དང༌། བོད་ཡུལ་གྱི་གཙུག་ལག་ཁང་ཐམས་ཅད་ལས་མངོན་པར་མཐོ་ཞིང་མཐའ་ཡས་པའི་ཡོན་ཏན་དུ་མ་