[A:269]དང་ལྡན་པ། གདུལ་བྱ་ལོངས་སྤྱོད་ནམ་མཁའ་དང་མཉམ་ཤིང༌། གང་ལ་གང་འདོད་ཡིད་བཞིན་དུ་འབྱུང་བ། མཐའི་ནོར་ཐམས་ཅད་གནས་འདིར་འདུ་ཞིང༌། མཐའ་བཞི་ལས་རྣམ་པར་རྒྱལ་བ། བོད་ཡུལ་ན་འགྲན་ཟླ་དང་བྲལ་ཞིང༌། འོད་དང་འོད་ཟེར་ཕྱོགས་བཅུར་ཁྱབ་པ། སྙན་པ་དང་གྲགས་པས་ནི་སའི་སྟེང་ཐམས་ཅད་ཁྱབ་སྟེ། བྱིན་རླབས་ནི་ཉི་ཟླའི་འོད་དང་མཚུངས། རིན་པོ་ཆེ་དང༌། ནོར་དང༌། འབྲུ་དང༌། གསེར་དང༌། དངུལ་དང༌། དབྱིག་དང༌། རྒྱན་དང༌། གོས་དང༌། ཟང་ཟིང་གི་ལོང་སྤྱོད་ནི་ཆར་བཞིན་དུ་འབབ་པ། ཡོན་ཏན་དུ་མ་དང་ལྡན་པར་བྱེད་པ་ལ་སའི་ཡོན་ཏན་བལྟས་ནས་གཏེར་སྦེད་དགོས་ཏེ། དེ་ཡང་དཔེར་ན་ཡིད་བཞིན་གྱི་ནོར་བུ་འདོད་རྒུ་འབྱུང་བའི་རྒྱ་མཚོའི་འགྲམ་ན། གྲོང་དང་གྲོང་ཁྱེར་ཅི་ཡོད་ཀྱང༌། དེའི་མཐུ་ལ་བརྟེན་ཏེ། འབྱོར་པ་དང་ལྡན་པ་ཡོད་པ་ལྟར། རིན་པོ་ཆེའི་གཏེར་ཡོད་པའི་གནས་དེར་ཡང༌། འབྱོར་པ་ལོངས་སྤྱོད་རང་བཞིན་གྱིས་འོང་བས། མ་འོངས་པའི་བོད་འབངས་རྣམས་ཀྱི་དོན་དུ་གཏེར་སྦས་པ་ནི། ཀ་བ་བུམ་པ་ཅན་དང་ཉེ་བའི་སར། དམ་པ་ཆོས་ཀྱི་གཏེར་སྦས་སོ། །དེའི་ཡོན་ཏན་ནི་བོད་ཀྱི་ཡུལ་འདིར་མ་འོངས་པའི་དུས་སུ། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་འབྱུང་སྟེ། དམ་ཆོས་ལ་ལོངས་སྤྱོད་པར་འགྱུར་རོ། །ཀ་བ་ཤིང་ལོ་ཅན་དང་ཉེ་བའི་སར། །གསེར་དངུལ་རིན་པོ་ཆེའི་གཏེར་སྦས་སོ། །དེ་སྦས་པའི་ཡོན་ཏན་ནི། མཐའི་ནོར་ཐམས་ཅད་དབུས་སུ་འདུ་ཞིང༌། གསེར་དངུལ་ལ་ལོངས་སྤྱོད་པར་འགྱུར་རོ། །ཀ་བ་སྦྲུལ་མགོ་ཅན་དང་ཉེ་བའི་སར། དྲག་སྔགས་མཐུའི་གཏེར་སྦས་སོ། །དེ་སྦས་པའི་ཡོན་ཏན་ནི། མཐའ་དམག་དང༌། བགེགས་དང་ལོག་འདྲེན་ཐམས་ཅད་མི་འབྱུང་བར་འགྱུར་རོ། །ཀ་བ་སེང་མགོ་ཅན་དང་ཉེ་བའི་