R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 270
[A:270]སར། བྱོལ་སོང་ཕྱུགས་ཀྱི་གཡང་ཡིག་རྣམས་སྦས་སོ། །དེ་སྦས་པའི་ཡོན་ཏན་ནི། བཞོན་ཕྱུགས་འཕེལ་བ་དང༌། དཀར་ཐོག་བཅུད་དང་ལྡན་པར་འགྱུར་རོ། །རིན་པོ་ཆེ་རཏྣ་དེ་བ། གཟིའི་སྒྲོམ་བུར་བཅུག་ནས་དར་ཟབ་སྣ་ལྔས་དྲིལ་ལ་ཛམྦྷ་ལའི་འོག་ཏུ་སྦས་སོ། །དེའི་ཡོན་ཏན་ནི། རྒྱན་དང༌། གོས་དང༌། ནོར་དང༌། འབྲུ་ལ་སོགས་པ་གང་ལ་ཅི་འདོད་པ་ཐམས་ཅད་འབྱུང་བར་འགྱུར་རོ། །རིན་པོ་ཆེ་སྟག་ཤ་དེ་བ་སྦྲུལ་གྱི་ལྤགས་པས་གཏུམས་ནས་ཀླུ་ཁང་དུ་སྦས་སོ། །དེའི་ཡོན་ཏན་ནི། ལོ་ཕྱུགས་རྟག་ཏུ་ལེགས་ཤིང་ཆར་ཆུ་དུས་སུ་འབབ་སྟེ། ས་བདག་ཀླུའི་གནོད་པ་མི་འབྱུང་བར་འགྱུར་རོ། །བཻཌཱུརྱའི་ལྷུང་བཟེད་ཟས་སྣ་དཔག་ཏུ་མེད་པས་བཀང་སྟེ༑ གནོད་སྦྱིན་ཁང་པར་སྦས་སོ། །དེའི་ཡོན་ཏན་ནི། བཟའ་བཏུང་གི་ལོངས་སྤྱོད་གང་ལ་ཅི་འདོད་པ་ཐམས་ཅད་འབྱུང་ཞིང༌། ཟས་བཅུད་དང་ལྡན་པར་འགྱུར་རོ། །ར་སའི་གཙུག་ལག་ཁང་ལ་ཞིག་རལ་བྱུང་ན་གསོ་བ་དང༌། མཆོད་པ་རྒྱུན་རིང་པོར་བྱ་བའི་ཕྱིར། གསེར་དང་དངུལ་དང་རིན་པོ་ཆེ་སྣ་ཚོགས་ལས་ཟངས་ཆེན་པོ་ཞིག་བཀང་སྟེ། དཀྱིལ་འཁོར་ཆེན་པོའི་འོག་ཏུ་སྦས་སོ། །ལས་དང་སྐལ་བར་ལྡན་པའི་གང་ཟག་ལ་སྨོན་ལམ་བཏབ་བོ། །གཞན་ཡང་ས་ཆ་འོད་དང་ལྡན་པ་དང༌། ཆར་ཆུ་དུས་སུ་འབབ་སྟེ། འབྲུ་སྣ་སྨིན་པ། ཐན་པ་དང༌། སད་དང༌། སེར་བ་དང༌། བཙའ་དང༌། མུ་གེ་མི་འབྱུང་བ་དང༌། ནད་ཡམས་དང༌། མཐའ་དམག་གི་གནོད་པ་མི་འབྱུང་ཞིང༌། དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་ཤིང༌། དགེ་ལེགས་ཀྱིས་ཁྱབ་པར་བྱ་བའི་ཕྱིར། རིན་པོ་ཆེ་གསེར་དངུལ་ལ་སོགས་པ་རྣམས་རིན་པོ་ཆེའི་སྣོད་དུ་དར་ཟབ་སྣ་ཚོགས་ཀྱིས་དྲིལ་ནས་བཅུག གནོད་སྦྱིན་ཁང་པ་དང༌། ཀླུ་ཁང་དང༌། ལྷ་ཁང་གི་ནང་སྐོར་ཐམས་ཅད་