R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 271
[A:271]དུ་སྦས་སོ། །འདི་དག་ནི་ཟུར་ཙམ་ཡིན་གྱིས། གཏེར་སྦས་ལུགས་རྣམས་རྒྱས་པར་ཤེས་འདོད་ན། རྒྱལ་པོ་བཀའི་ཐང་ཡིག་ལ་གཟིགས་ཤིག དེ་ནས་རྒྱལ་པོའི་ཞལ་ནས། གཏེར་འདི་རྣམས་སྦས་པའི་ཡོན་ཏན་ནི། ངའི་གཙུག་ལག་ཁང་འདི་ལ་སྙན་པ་དང་གྲགས་པ་ནི་ཉི་ཟླས་སླེབས་པའི་གནས་སུ་ཁྱབ་སྟེ། འཛམ་བུ་གླིང་ན་འགྲན་ཟླ་དང་བྲལ་བ་ཡིན་ནོ། །གདུལ་བྱ་དང་ཞབས་ཏོག་མཐའ་ནས་རྒྱས་ཏེ། མཐའ་མི་ཐམས་ཅད་དབང་དུ་འདུས་ནས། དཔལ་འབྱོར་ནམ་མཁའ་དང་མཉམ་པ་ཡིན་ནོ། །མ་འོངས་པའི་དུས་སུ་ངའི་དབོན་སྲས་དང༌། བཙུན་མོ་བློན་པོ་བོད་འབངས་ཐམས་ཅད་ཀྱིས་གཙུག་ལག་ཁང་བཞེངས་པར་འདོད་ན། ངའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་འདིར་ས་ཕུད་དང༌། རྡོ་ཕུད་བསྐྱལ་ནས་རབ་གནས་ལྷུན་གྱིས་གྲུབ་ཅིང་བདུད་དང་ལོག་འདྲེན་གྱི་བགེགས་མེད་པར་བཀྲ་ཤིས་ཤིང་ཡོན་ཏན་དུ་མ་དང་ལྡན་པར་འགྱུར་རོ་ཞེས་གསུངས་སོ། །དེ་ནས་རྒྱལ་པོས་ལྷ་ས་ནེའུ་ཐང་དུ་དབོན་སྲས་མང་སྲོང་མང་བཙན་གྱི་དབུ་ལ་ཕྱག་བཞག་ནས། སྤང་སྐོང་ཕྱག་བརྒྱ་པ་དང༌། མདོ་པདྨ་དཀར་པོ་དང༌། དམ་ཆོས་ཟླ་བ་སྒྲོན་མ་དང༌། སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་བཤད་རྒྱུད་རྣམས་དང༌། མ་འོངས་པ་གབ་པ་མངོན་དུ་ཕྱུང་བ་དང༌། ལྷ་སར་ཞབས་ཏོག་བྱས་པ། ཕྱག་དང་མཆོད་པ་བསྐོར་བ་བྱས་པ། མཐོང་ཐོས་དྲན་རེག་གི་ཡོན་ཏན་བསྟན་པ། ཕྱིའི་རག་གསོ་བ་དང༌། ནང་གི་ལྷ་ལ་ཞབས་ཏོག་བྱས་པ་ལ་ཕན་ཡོན་ཡོད་པ་རྣམས་ལེགས་པར་གསུངས་ཏེ། སྲས་ཀྱིས་ཡི་གེར་བྲིས་ནས་གནོད་སྦྱིན་ཁང་པར་གཏེར་དུ་སྦས་སོ།། གཞན་ཡང་ང་ནས་གདུང་རབས་ལྔ་པ་ན། རྒྱལ་པོ་ཁྲི་དང་ལྡེ་ཞེས་བྱ་བ་འབྱུང་སྟེ། དེའི་དུས་སུ་རྒྱ་གར་ནས་པཎྜི་ཏ་མང་པོ་བྱོན་ནས་དམ་པའི་ཆོས་ཐམས་ཅད་