[A:272]བསྒྱུར་ཞིང་ཡང་དག་པར་གཏན་ལ་འབེབས། གཙུག་ལག་ཁང་མང་པོ་བཞེངས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་འགྱུར་ཏེ། རབ་ཏུ་བྱུང་བ་བསླབ་པ་གསུམ་གྱི་རྒྱན་གྱིས་རབ་ཏུ་མཛེས་པ། ངུར་སྨྲིག་གི་རྒྱལ་མཚན་གསོལ་བ་མང་པོ་འབྱུང་བར་འདུག་སྟེ། ངའི་དབོན་སྲས་རྣམས་ཀྱི་དབུའི་མཆོད་གནས་བྱེད། འཚོ་བ་བླང་ནས་སྦྱོར་ཕན་བདེ་དང་དགེ་ལེགས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་གསུངས་པས། བློན་པོ་མགར་གྱིས་དེ་མ་ཐག་ཏུ་ཟངས་ཀྱི་བྱང་བུ་ལ་བྲིས་ནས། འཆིང་ཕུའི་དཀོར་མཛོད་དུ་སྦས་སོ། །གཞན་ཡང་ཕྱི་བློན། ནང་བློན། བོད་འབངས་ཀྱི་སྐྱེས་པ་དང་བུད་མེད། བྱིས་པ་ཡན་ལ་རིམ་པ་བཞིན་དུ་འཇིག་རྟེན་ལ་དགོས་པའི་ཞལ་གདམས་དཔག་ཏུ་མེད་པ་གསུངས་ནས། ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་གྱིས། ཡི་གེ་དྲུག་པའི་ཆོས་ལ་བཀོད་དོ། །
འདི་ཡང་བློན་པོ་འབྲི་སེ་རུ་གོང་སྟོན་གྱིས། མ་འོངས་པའི་བོད་འབངས་རྣམས་ལ་ཕན་པའི་ཕྱིར་ཡི་གེར་བྲིས་བཞག་གོ །
གཞན་ཡང་རྒྱལ་པོ་ཉིད་ཀྱི་རྣམ་ཐར་རྣམས་ལ་རྒྱས་འབྲིང་གསུམ་དུ་མཛད། ཤོག་དྲིལ་གསུམ་བྱས་ནས་ཀ་བ་བུམ་པ་ཅན་གྱི་འོག་ཏུ་སྦས་ཏེ། ལས་དང་སྐལ་བར་ལྡན་པའི་གང་ཟག་ལ་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་པོ་དང་བཙུན་མོའི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་ཏེ། བོད་ཁ་བ་ཅན་པའི་རེ་ཞིག་ལྟོས་པའི་ཕ་མ་ལྟ་བུ༑ འགྲོ་བ་སྒྲོལ་བའི་དེད་དཔོན་ལྟ་བུ། དགོས་འདོད་འབྱུང་བའི་ནོར་བུ་ལྟ་བུ། མུན་པ་སེལ་བའི་སྒྲོན་མེ་ལྟ་བུ། ཉེ་རིང་མེད་པའི་ཉི་ཟླ་ལྟ་བུར་མཛད་དེ། ལས་ཐབས་མཁས་པས་ཕྱི་ན་དགྲ་མེད། བཀའ་དྲིན་བཟང་པོས་ནང་གི་འབངས་རྣམས་སྐྱོངས། མངའ་འོག་གི་བོད་འབངས་ཐམས་ཅད་འབྱོར་པ་དང་ལྡན་ཞིང༌། དགའ་བདེ་ལ་ལོངས་སྤྱོད་དོ། །ཕན་པ་དང་བདེ་བ་ཐམས་ཅད་འབྱུང་བར་བྱ་བའི་