[A:273]ཕྱིར། གཏེར་སྦས་པ་དང་བོད་འབངས་ཐམས་ཅད་ཆོས་ལ་བཀོད་པར་མཛད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།
བཅུ་བདུན། རྒྱལ་པོ་ཡབ་ཡུམ་གྱི་མཛད་པ་ཡོངས་སུ་རྫོགས་ཏེ། རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པའི་སྐོར། ཨོཾ་མ་ཎི་པདྨེ་ཧཱུྃ། ལྷ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ། སྲས་གུང་སྲོང་གུང་བཙན་གྱིས། ནངས་པར་ཉི་མ་ཤར་བ་དང་དབུ་རྩེའི་ཡང་ཐོག་ཏུ་ཡབ་རྒྱལ་པོ་ཆེན་པོ་ལ་རང་གི་ན་བཟའ་ལ་བཞུགས་གདན་བྱས་ནས་ཞལ་ཟས་མང་པོ་དྲངས། ཕྱག་དང་བསྐོར་བ་མང་དུ་བྱས་ནས་ཞུ་བ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཕྲིན་ལས། །སྣང་བ་མཐའ་ཡས་ཀྱི་ཐུགས་རྗེ། །བདེ་བ་ཅན་གྱི་ཕོ་ཉ། །བོད་འབངས་ཡོངས་ཀྱི་སྐྱབས་གནས། །བདག་ཅག་ཀུན་ལ་ཐུགས་རྗེས་གཟིགས་པ་ཡི། །རྒྱལ་བའི་སྐུ་དང་ཐ་མལ་མཇལ། །ཟབ་མོའི་ཐུགས་དགོངས་སྣང་མོད་ཀྱང༌། །ཆོས་ཉིད་དོན་གྱི་ཐུགས་རྗེ་དེ། རྒྱལ་བའི་ཐུགས་ལ་མི་གབ་པར། གབ་པ་མངོན་དུ་ཕྱུང་ནས་ནི། །རང་སྣང་ཡུལ་མེད་བསྟན་དུ་གསོལ། །བློ་འདས་བྱར་མེད་བསྟན་དུ་གསོལ། །མ་བཅོས་ངང་ནས་བསྟན་ནས་ཀྱང༌། །བྱར་མེད་ངང་གིས་གནས་པ་ལ། །སྐུ་གསུམ་ཤུགས་ལས་འཆར་བ་ཡི། །བདག་ཅག་བློ་ལ་སྦྱར་དུ་གསོལ། །ཞེས་ཕྱག་འཚལ་ཏེ་ཞུས་པ་དང༌། དེར་ཡབ་རྒྱལ་པོས་བཀའ་སྩལ་པ། ལྷ་སྲས་ཆེན་པོ་ཉོན་ཅིགབདག་ནི་སངས་རྒྱས་ཀུན་གྱི་ཕྲིན་ལས་ཡིན། །སྣང་བ་མཐའ་ཡས་དྲུང་དུ་དམ་ཡང་བཅས། །བྱང་ཆུབ་སེམས་ཀྱི་བོད་འབངས་དོན་ལ་འོང༌། །ང་དང་རྒྱལ་བ་གཉིས་སུ་མེད། །འགྲོ་བ་ང་ཡི་གདུལ་བྱ་ཡིན། ཁྱེད་ཀུན་འཕགས་པའི་བྱིན་