R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 274
[A:274]རླབས་ཡིན། །རྒྱལ་བའི་དགོངས་རྒྱུད་ཟབ་མོ་རྣམས། །འཕགས་པའི་ལམ་སྟེག་ཡིན་མོད་ཀྱང༌། །ཆོས་ཉིད་དོན་གྱི་ཐུགས་རྗེ་དེ། །བློ་དམན་རྣམས་ལ་བསྟན་པར་མི་འོས་ཀྱང༌། །བརྩེ་བའི་སེམས་ཀྱིས་གབ་པ་མངོན་ཕྱུང་འདི། །མ་རྟོགས་སྒྲོ་དང་སྐུར་བའི་གཞི། །སྐྱབས་མེད་རྣམས་ལ་ཡེ་གསང་ཆོད། །ཙིཏྟ་སྙིང་གི་དཀྱིལ་དུ་ཆོངས། །ཆོས་ཉིད་ཟད་པར་སྐྱེལ་བ་ཡང༌། །ང་ཡིས་ལེགས་པར་བསྟན་གྱིས་ཉོན།། སྣ་ཚོགས་དག་ཀྱང་རང་སྣང་ཡིན། །ཡུལ་མེད་དེ་ནི་བློ་ལས་འདས། །བློ་འདས་དེ་ནི་བྱར་མེད་ཡིན། །ཇི་བཞིན་པ་ཡི་ངང་གནས་ཡིན། །གནས་པ་མེད་པར་ལྷོད་པའི་མཆོག །དེ་ལྟར་གོ་བའི་གང་ཟག་གིས། །མཐའ་བྲལ་སྤྲོས་པ་ཆོད་པ་ལ། ། ལྟ་བའི་མིང་དུ་བཏགས་པ་ཡིན། །རང་གསལ་འཛིན་པ་སྟོང་པ་ལ། །སྒོམ་པ་མིང་དུ་བཏགས་པ་ཡིན། །དོན་དང་བྲལ་བ་མེད་པ་ལ། །སྤྱོད་པ་མིང་དུ་བཏགས་པ་ཡིན། །སྤང་བླང་འཛིན་པ་ཞིག་པ་ལ། །འབྲས་བུ་མིང་དུ་བཏགས་པ་ཡིན། །རྩོལ་མེད་འགྲོ་དོན་བྱེད་པ་ལ། །ཐུགས་རྗེ་མིང་དུ་བཏགས་པ་ཡིན། །དེ་ལ་སྐྱོ་དུབ་མེད་པ་ལ། །ཆེན་པོ་མིང་དུ་བཏགས་པ་ཡིན། །འགྲོ་དོན་མཛད་ཀྱང་སྐྱོན་མ་གོས། ། འཕགས་པ་མིང་དུ་བཏགས་པ་ཡིན། །སྙིང་རྗེ་དབང་དུ་འདུས་པ་ལ། །རྒྱལ་པོ་མིང་དུ་བཏགས་པ་ཡིན། །འགྲོ་བའི་ཁ་ལོ་སྙོམས་པ་ལ། །སྲོང་བཙན་མིང་དུ་བཏགས་པ་ཡིན། །བློ་ལ་གང་ཕན་བཤད་པ་ལ། །གདམས་ངག་མིང་དུ་བཏགས་པ་ཡིན། །བརྗེད་ཐོ་ཤུལ་དུ་བཞག་པ་ལ། །བཀའ་བརྒྱུད་མིང་དུ་བཏགས་པ་ཡིན།། འགྲོ་བ་དང་བ་འདྲེན་པ་ལ། །གཙུག་ལག་མིང་དུ་བཏགས་པ་ཡིན། །རྣམ་རྟོག་རང་སར་གྲོལ་བ་ལ། །སངས་རྒྱས་མིང་དུ་བཏགས་པ་ཡིན། །འགྲོ་བ་ལམ་དུ་འཛུད་པ་ལ། །དམ་ཆོས་མིང་དུ་བཏགས་པ་ཡིན། །བྱར་མེད་བློ་ལ་སྦྱོར་བ་ལ། །