[A:132]མགྱོགས་ཀྱི་རྫས་བྱུགས་ཏེ་བུ་གསུམ་པོ་ལ་བསྐོན་ནས་བཏང་བས། བུ་གསུམ་པོ་སྐད་ཅིག་ལ་གངས་ཏི་སེའི་རྩེར་སླེབས་ཏེ། བུ་མོ་མཛེས་མ་ཞིག་རིན་པོ་ཆེའི་སྣོད་ན་མེ་ཏོག་འཐུ་གིན་འདུག་པས། བུ་མོ་དེ་ལ་ཁྱོད་སུ་ཡིན། མེ་ཏོག་འཐུ་ནས་ཅི་བྱེད་བྱས་པས། བུ་མོ་ན་རེ། ངེད་ལྷ་མོ་ཨུ་མ་དེ་བའི་གཡོག་མོ་ཡིན། མེ་ཏོག་འཐུས་ནས་ཚེས་བཅོ་ལྔའི་ཉིན། འཕགས་པ་དགྲ་བཅོམ་པ་རྣམས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། ངེད་ཀྱི་ཕོ་བྲང་དུ་ཆོས་སྟོན་ལ་འབྱོན་པར་ཡོད་པས། དེ་རྣམས་ལ་གཏོར་བ་ཡིན་ཟེར་རོ། །དེར་བུ་མོ་དེ་དང་འགྲོགས་ཏེ། ལྷ་མ་ཧཱ་དེ་བའི་ཕོ་བྲང་དུ་ཕྱིན་པ་དང༌། ཚེས་བཅོ་ལྔ་དང་དུས་འཛོམས་པས་རིན་པོ་ཆེའི་གདན་བཤམས། འཕགས་པ་དགྲ་བཅོམ་པ་རྣམས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱོན་ཏེ། རིན་པོ་ཆེའི་གདན་ལ་བཞུགས་པ་མཐོང་ངོ༌། །དེ་ནས་ལྷ་མ་ཧཱ་དེ་བ་དང༌། ལྷ་མོ་ཨུ་མ་དེ་བ་གཉིས་ཀྱིས་མེ་ཏོག་གཏོར་ཞིང༌། ཆོས་སྟོན་དྲངས་ནས་སྨོན་ལམ་བཏབ་བོ། །དེ་ནས་ཡང་འཕགས་པ་དགྲ་བཅོམ་པ་རྣམས་ནི་ནམ་མཁའ་ལ་གཤེགས་སོ། །དེ་ནས་བུ་གསུམ་གྱིས་མ་ཧཱ་དེ་བ་ལ་ཕྱི་ནང་གཉིས་ཆོས་ལུགས་གང་བཟང་དྲིས་པས། ལྷ་མ་ཧཱ་དེ་བའི་ཞལ་ནས། ཆོས་ལུགས་ནང་པ་སངས་རྒྱས་པ་བཟང་བ་ཡིན། ང་ཡང་ནང་པ་སངས་རྒྱས་པ་ལ་བརྟེན་ནས་སངས་རྒྱ་བར་འདོད་པ་ཡིན། ཕྱི་རོལ་མུ་སྟེགས་པ་ལ་གནས་སྐབས་ཀྱི་བདེ་བ་ཙམ་མ་གཏོགས། མཐར་ཐུག་གི་སྙིང་པོ་མེད་ཟེར་བས་ཁོང་གསུམ་བློ་ཐག་ཆོད་ནས་ཡུལ་དུ་ལོག་གོ །དེ་ནས་ཨ་མ་ལ། ངེད་གསུམ་པོ་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞུགས་པ་ཡིན་བྱས་པས། ཨ་མ་ན་རེ། ཁྱེད་གསུམ་པོ་ནང་པའི་བསྟན་པ་ལ་ཞུགས་པ་ལེགས་ཀྱིས། ཁྱེད་གསུམ་པོས་ལྷ་ཁང་རེ་རེ་བཞེངས་དགོས་ཟེར་རོ།།