R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 282
[A:282]དང༌། གསེར་དངུལ་དང་དཀོར་ནོར་ལ་སོགས་པ་ནོར་མང་པོ་དུས་དེ་ཉིད་དུ། གནོད་སྦྱིན་ན་ག་ཀུ་བེ་རའི་བརླ་གཡས་ཀྱི་དར་ཤམ་འོག་ཏུ་གཏེར་དུ་སྦས་ནས་ལས་དང་སྐལ་བར་ལྡན་པའི་གང་ཟག་ལ་གཏད་རྒྱ་སྨོན་ལམ་བཏབ་བོ། །དེས་ཀྱང་ལྷོ་དང་ནུབ་ཀྱི་ཕྱོགས་སུ་འགྲོ་དོན་བྱེད་པར་འགྱུར་རོ། །རྒྱལ་པོ་སྲོང་བཙན་སྒམ་པོས་གབ་པ་མངོན་ཕྱུང་དུ་གདམས་པའོ། །དེ་ནས་ཆོས་ཀྱི་རྒྱལ་པོ་དེ། དགུང་ལོ་བདུན་ཅུ་ཐམ་པ་རྒྱལ་ས་བཟུང༌། རྒྱལ་ཁམས་ལ་དབང་བསྒྱུར། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུར་མཛད། འདོད་ཡོན་དང་ལོངས་སྤྱོད་ཀྱི་ཆར་པ་ཕབ། བོད་འབངས་ཐམས་ཅད་བདེ་བ་ལ་བཀོད། དགུང་ལོ་བརྒྱད་ཅུ་གྱ་གཉིས་པ་ལྕགས་ཕོ་ཁྱིའི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་འཕྲུལ་སྣང་གི་བཙན་ཁང་བྱང་མར་འཕགས་པ་སྤྱན་རས་གཟིགས་ཀྱི་དྲུང་དུ། སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་དེའི་གཡས་སུ་བལ་མོ་བཟའ། གཡོན་དུ་རྒྱ་མོ་བཟའ། རྒྱབ་ཏུ་མང་བཟའ་ཁྲི་ལྕམ། ཞབས་དྲུང་དུ་དབོན་སྲས་མང་སྲོང་མང་བཙན། མདུན་དུ་བློན་པོ་ཐོན་མི་དང་མགར་གཉིས། ལྷ་ཁང་ཕྱིའི་སྒོ་སྲུང་ལ། ཞང་བློན་སྣ་ཆེན་པོ་དང༌། སྦས་ལྕང་དཔལ་གྱི་པགས་བཟང་གཉིས་ཀྱིས་སྒོ་བསྲུངས། མཆོད་རྫས་དུ་མ་ཐོགས་ཏེ། རྒྱལ་པོས་ཡི་དམ་གྱི་དྲུང་དུ་མཆོད་པ་ཕུལ་ནས་སྨོན་ལམ་བཏབ་ བོ༑ ༑དེ་ནས་རྒྱལ་པོས་དབོན་སྲས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ངས་ནི་རྒྱལ་ཁྲིམས་ཆོས་ཁྲིམས་སུ་བསྒྱུར་ནས། སངས་རྒྱས་ཀྱི་བསྟན་པ་དར་བར་བྱས། བོད་འབངས་བདེ་བ་ལ་བཀོད་པ་ཡིན་ནོ། ཁྱོད་ཀྱིས་ཀྱང་ངའི་རྒྱལ་སྲིད་འདི་མ་ཉམས་པར་ཆོས་བཞིན་དུ་སྐྱོངས་ཤིག ངའི་གཙུག་ལག་ཁང་འདི་གཉིས་ཀྱི་ཞབས་ཏོག་ཁྱོད་ཀྱིས་གྱིས་ལ། དར་དུ་ཆུག་ཅིག་ངའི་ཕོ་བྲང་ལྷའི་གནས་དང་འདྲ་བ་འདིའི་