R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 283
[A:283]འཛིན་སྐྱོང་གྱིས་ཤིག ངའི་བཙུན་མོ་དང༌། བློན་པོ་བོད་འབངས་ཐམས་ཅད་རེ་ཞིང་ལྟོས་པའི་ཕ་མ་ལྟ་བུ་གྱིས་ལ། ཕན་པ་དང་བདེ་བས་ཁྱབ་པར་གྱིས་ཤིག ང་ནས་གདུང་རབས་ལྔ་པ་ལ། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །རྒྱལ་པོ་ལྡེ་ཞེས་བྱ་བ་འབྱུང༌། །དེས་ཀྱང་དམ་ཆོས་རྒྱས་པར་བྱེད། །དེ་ནས་གདུང་རབས་གཉིས་པ་ལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །རྒྱལ་པོ་ཁྲི་ཞེས་བྱ་བ་འབྱུང༌། །དེས་ཀྱང་དམ་ཆོས་རྒྱས་པར་བྱེད། །དེ་ནས་བདུད་ཀྱི་སྤྲུལ་པ་སྟེ། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང༌། །
གླང་དར་མ་ཡིན།
དེ་ཡི་ཐུགས་ལ་གདོན་གསོལ་ནས། །ལྷ་ཁང་སྒྱེལ་ཞིང་དམ་ཆོས་བསྣུབ། །སྡེ་སྣོད་འཛིན་པའི་སྲོག་ཀྱང་གཅོད། །ཆོས་མཛད་ཐམས་ཅད་བསད་ཅིང་བཅོམ། །གླེགས་བམ་ཐམས་ཅད་མེ་ལ་བསྲེགས། ། སངས་རྒྱས་བསྟན་པའི་དཀྲུག་ཤིང་དེས། །བླ་མ་སློབ་དཔོན་བྲན་དུ་བསྐུལ། ། རབ་བྱུང་བཙུན་པ་ཆོས་དང་ཕྲལ། །དགེ་བཤེས་རྣམས་ལ་ཤན་པ་བཅོལ། ། སངས་རྒྱས་ན་བཟའ་ཆུ་ལ་བསྐུར། །རྟེན་གསུམ་མཆོད་ཆ་རྡོ་ཡིས་བརྡུངས། ། ཆོས་ཀྱི་མིང་ཡང་མེད་པར་བྱེད། །དེ་ནས་ཡེར་པའི་བྲག་ཁུང་ན། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར། །དེ་ནས་ལོ་སྐོར་བརྒྱད་ཀྱི་བར། །སངས་རྒྱས་བསྟན་པ་མེད་པར་གྱུར། ། ཨེ་མ་སེམས་ཅན་སྙིང་རེ་རྗེ། །ང་ཡི་ཡི་དམ་འདི་རྣམས་ཀྱང༌། །གཙུག་ལག་ཁང་འདིར་གཏེར་བཞིན་སྦེད། །དེ་ནས་ལྔ་བརྒྱ་ཐ་མ་ལ། །སངས་རྒྱས་བསྟན་པའི་མེ་རོ་ཞིག །མདོ་ཁམས་སྒང་ནས་ལོངས་པར་འགྱུར། ཁ་བ་ཅན་པའི་སེམས་ཅན་ལ༑ ༑མར་མེ་འཆི་ཁར་གསལ་བ་བཞིན། །བསྟན་པ་དར་ཞིང་རྒྱས་པར་འགྱུར། ། དད་ཅན་མཆོད་པ་འབུལ་བ་དང༌། །ཕྱག་འཚལ་བསྐོར་བ་བྱེད་པར་འགྱུར། །