R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 284
[A:284] རབ་བྱུང་བཙུན་པ་མང་པོ་དང༌། །སངས་རྒྱས་བསྟན་པ་དར་བར་འགྱུར། །ཞེས་གསུངས་ཏེ་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་སོ། །འདི་དག་ནི་ཟུར་ཙམ་ཡིན་གྱིས། མ་འོངས་ལུང་བསྟན་གྱི་ཞལ་གདམས་རྒྱས་པར་ཇོ་བོ་རྗེས་གཏེར་ནས་ཐོན་པའི་ཀ་ཁོལ་མ་ཆེ་བ་ན་གསལ་ལོ། །དེ་ནས་དར་ཅིག་ལོན་པ་ན། རྒྱལ་པོའི་ཞལ་ནས་ངའི་ཕྱི་ནང་གི་བློན་པོ་བོད་འབངས་རྣམས་ང་རྒྱལ་པོ་སྲོང་བཙན་སྒམ་པོ་དང་མཇལ་བར་འདོད་དོ་ཟེར་དུ་འོང་གི་ང་དང་འཕྲད་པར་འདོད་ན་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ་ཅིག ང་དང་འཕྲད་པ་དང་ཁྱད་མེད་དོ་གསུངས་སོ། །ཡང་བལ་མོ་བཟའ་ཁྲི་བཙུན་གྱིས་ཀྱང༌། ཞལ་ཕྱིར་ལོག་མཛད་ནས། བོད་འབངས་བློ་ཉེ་བ་རྣམས་ང་བལ་མོ་བཟའ་ཁྲི་བཙུན་དང་མཇལ་བར་འདོད་དོ་ཟེར་དུ་འོང་གི་ང་དང་འཕྲད་པར་འདོད་ན་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ་ཅིག ང་དང་འཕྲད་པ་དང་ཁྱད་མེད་དོ་གསུངས་སོ། །ཡང་རྒྱ་མོ་ཀོང་ཇོ་ཞལ་ཕྱིར་ལོག་མཛད་ནས། བོད་འབངས་ང་ལ་ཞེན་ཆེ་ཞིང་དགའ་བ་རྣམས་ལ། རྒྱ་མོ་ཀོང་ཇོ་དང་མཇལ་བར་འདོད་དོ་ཟེར་དུ་འོང་གི ང་དང་འཕྲད་པར་འདོད་ན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་ཐོབ་ཅིག ང་དང་འཕྲད་པ་དང་ཁྱད་མེད་དོ་གསུངས་སོ། །དེར་བློན་པོ་མགར་གྱིས་རྒྱལ་པོ་ཆེན་པོ་འདི་ཙམ་པའི་ཞལ་གདམས་གསུངས་པ་ཡབ་ཡུམ་གསུམ་གར་འབྱོན་ཞུས་པས། ངེད་གསུམ་པོ་ཐག་རིང་དུ་མི་འགྲོ་གསུངས་ཏེ། རྒྱལ་པོ་ཡར་ལ་བཞེངས་ནས། ཕྱག་གཡས་པ་བལ་མོ་བཟའ་ཁྲི་བཙུན་ལ་རེག་པས། ཁྲི་བཙུན་མེ་ཏོག་ཨུཏྤལ་དཀར་པོ་ཞིག་ཏུ་གྱུར་ནས། རྒྱལ་པོའི་སྐུ་ཕྲག་གཡས་སུ་ཐིམ་མོ། །ཕྱག་གཡོན་རྒྱ་མོ་ཀོང་ཇོ་ལ་རེག་པས། ཀོང་ཇོ་མེ་ཏོག་ཨུཏྤལ་སྔོན་པོ་ཞིག་ཏུ་གྱུར་ནས། རྒྱལ་པོའི་སྐུ་ཕྲག་གཡོན་