R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 133
[A:133] དེ་ལ་བུ་ཆེ་བ་མ་ཧཱ་མ་སེས་ལྷ་ཁང་ཝཱ་རཱ་ཎ་སཱིར་བཞེངས་ཤིག བུ་འབྲིང་པོ་སི་བ་ས་མེས་ལྷ་ཁང་ཛེ་ཏའི་ཚལ་དུ་བཞེངས་ཤིག བུ་ཆུང་བ་སྤྲ་ཏ་ས་མེས་ལྷ་ཁང་རྡོ་རྗེ་གདན་དུ་རྩིགས་ཤིག་ཟེར་བས། དེར་བུ་ཆེ་བ་གཉིས་ཀྱིས་ཨ་མས་ཇི་ལྟར་ཟེར་བ་བཞིན་ལྷ་ཁང་བརྩིགས་པས་སྔོན་ལ་ཚར་རོ། །བུ་ཆུང་བས་རྡོ་རྗེ་གདན་དུ་ལྷ་ཁང་བརྩིགས་ཏེ། ཕྱི་གནྡྷོ་ལ། ནང་དུ་ལྷ་ཁང་བྱས་པས། དེའི་ནང་དུ་བཅོམ་ལྡན་འདས་དགུང་ལོ་སུམ་ཅུ་པའི་སྐུ་ཚད་ཅིག་བཞེངས་པར་འདོད་པའི་རྒྱུ་ཙནྡན་བདར་ཏེ་འཇིམ་པའི་ཕུང་པོར་བྱས་པ་དང༌། ཨ་མ་ན་རེ། ལྷ་བཟོ་དང༌། བུ་ཁྱོད་རང་དང༌། བརྒྱག་ཆུ་དང་གསུམ་པོ་ནང་དུ་སྡོད། སྒོ་ལ་ལྕགས་གཟེར་རྒྱོབ་ལ། ཟླ་བ་གསུམ་དང་ཞག་གསུམ་ལ་ཚར་བར་གྱིས་ཤིག་ཟེར་རོ། །དེར་ཟླ་བ་གསུམ་དང་ཞག་གཉིས་སོང་དུས་ཨ་མ་བྱུང་སྟེ། སྒོ་ཕྱེས་ཤིག་ཟེར་རོ། །བུ་ན་རེ། ཟླ་བ་གསུམ་དང་ཞག་གཉིས་སོང༌། ད་དུང་ཞག་གཅིག་མ་ཐིམ་ཟེར་བས། ཨ་མ་ན་རེ། ཞག་གཅིག་མ་ཐིམ་ཀྱང་དབང་མེད། ང་ནི་སང་འཆི་བར་འདུག ད་ལྟ་སངས་རྒྱས་ཀྱི་ཞལ་མཐོང་བ་ང་ལས་མི་འདུག་ངས་འདྲ་མི་འདྲ་མ་བལྟས་ན། གཞན་གྱིས་ཤན་མི་ཕྱེད་པས། སྒོ་ཕྱེས་ཤིག་ངས་བལྟ་དགོས་ཟེར་རོ། །དེར་སྒོ་ཕྱེས་པ་དང༌། ལྷ་བཟོ་བ་དེ་སྤྲུལ་པར་འདུག་ནས་འཇའ་ཡལ་བ་བཞིན་བྱས་སོང་ངོ༌། ། དགུང་ལོ་སུམ་ཅུ་པའི་སངས་རྒྱས་ཀྱི་སྐུ་ཚད་དེ་ནི། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ངོ་མཚར་ཆེ་བ་ནི་འདི་ལྟ་སྟེ། མི་རྣམས་ཀྱི་རྟེན་དེ་དང་མཇལ་བའི་དུས་སུ། ལྟོགས་སྐོམ་བརྗེད་ནས་བཟའ་བཏུང་གཞན་གྱིས་སྟེར་དགོས་པའོ། ། མཇལ་ནས་ཕྱིར་འོང་བའི་དུས་རྒྱབ་སྟོན་མི་ཕོད་པར་ཕྱི་འགྲོས་སུ་འགྱེས་པར་འགྱུར། མི་རྣམས་གློ་བུར་དུ་ན་བར་གྱུར་ན། རྟེན་དེའི་ཞལ་མཐོང་བ་ཙམ་གྱིས་