R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 287
[A:287]རྗེ་ལྡན་པ་ཁྱེད། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །འགྲོ་བ་ཀུན་གྱི་སྐྱབས་གནས་ཁྱེད། །སྡུག་བསྔལ་དུ་མས་གཙེས་པ་ཡི། །ཉམ་ཐག་ཕོངས་པའི་སེམས་ཅན་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལས་ངན་བསགས་པས་ལུས་ངན་བླང༌། །ངན་སོང་གསུམ་དུ་ལྷུང་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ཞེས་གསུངས་ཏེ། དབུའི་ལ་ཐོད་ཕུད་ནས། ཡི་དམ་གྱི་ཐུགས་ཀར་གཏུགས་ནས། འཕགས་པ་ཁམས་གསུམ་འཁོར་བ་ན་འཁྱམས་པའི་སེམས་ཅན་ཉམ་ཐག་པ་རྣམས་ལ་གཟིགས་ཤིག་ཅེས་དད་པའི་ཤུགས་ཀྱིས་སྤྱན་ཆབ་ཕྱུང་ནས། གསོལ་བ་དྲག་ཏུ་བཏབ་པའི་ངང་ལ། རྒྱལ་པོ་འོད་དུ་ཞུ་ནས་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་མོ། །
འཕགས་པའི་ཐུགས་ཀར་ཕྱག་གཉིས་ཐལ་མོ་སྦྱར་བ་ལ། ཁ་ཕྱེ་ནས་ཡོད་པ་དེའང་དེ་དུས་སུ་བྱུང་བ་ཡིན་ནོ།
དེ་ལྟར་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་ཡང་བྱ་ཐབས་མེད་པར་གཅིག་གདོང་གཅིག་ལ་བལྟ་ཞིང༌། མིག་ཧུ་རེ་ལུས་སོ། །དེ་ནས་མང་བཟའ་ཁྲི་ལྕམ་གྱིས། རྒྱལ་པོ་ཡབ་ཡུམ་གསུམ་དེ་ལྟར་མཛད་ནས་མི་བཞུགས་ན། ད་ཇི་ལྟར་བྱེད། སུ་ལ་རེ་ཐུགས་རྗེས་གཟུང་དུ་གསོལ་ཞེས་ཞུས་པས། རང་བྱོན་གྱི་ཐུགས་ཀ་ནས་རྒྱལ་པོས་དབུ་ཉུག་མཛད་དེ་འདི་སྐད་ཅེས་གསུངས་སོ། ཁྱེད་རྣམས་ཉོན་ཅིག་སྐྱེས་ནས་འཆི་ཐག་ཆོད་པ་དང་གཅིགའདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ཡིན་པ་དང་གཉིས། ཚེ་ལ་ལོང་མེད་པ་རྩྭ་ཁའི་ཟིལ་པ་ལྟ་བུ་དང་གསུམ། ད་ལྟའི་སྤྱོད་ལམ་འདི་རྣམས་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་གྱིས་ཤིག་གསུངས་སོ། །བལ་མོ་བཟའ་ཁྲི་བཙུན་ཀྱང༌། ནུ་མ་གཡས་པའི་སྟེང་ནས་དབུ་ཉུག་མཛད་དེ་འདི་སྐད་གསུངས་སོ། །ཚེ་ལ་ངེས་པ་མེད་པ་