[A:288]ནམ་མཁའི་འཇའ་ཚོན་ལྟ་བུ་དང་གཅིག ངག་ལ་ངེས་པ་མེད་པ་བར་སྣང་གི་འབྲུག་ལྟ་བུ་དང་གཉིས། ལུས་ལ་ངེས་པ་མེད་པ་སོས་ཀའི་མེ་ཏོག་ལྟ་བུ་དང་གསུམ། ད་ལྟའི་སྤྱོད་པ་འདི་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་ཤེས་པར་གྱིས་ཤིག་གསུངས་སོ། །རྒྱ་མོ་ཀོང་ཇོ་ནུ་མ་གཡོན་པའི་སྟེང་ནས་དབུ་ཉུག་མཛད་དེ་འདི་སྐད་ཅེས་གསུངས་སོ། །ལུས་མི་རྟག་པ་སྡོང་རྒན་རྩ་བ་རུལ་པ་ལྟ་བུ་དང་གཅིག ཚེ་མི་རྟག་པ་ནམ་མཁའི་གློག་སྤྲིན་ལྟ་བུ་དང་གཉིས། ནོར་མི་རྟག་པ་སྦྲང་མའི་སྦྲང་རྩི་ལྟ་བུ་དང་གསུམ། ད་ལྟའི་སྤྱོད་པ་འདི་ཆུའི་ལྦུ་བ་ལྟ་བུར་ཤེས་པར་མཛོད་ཅིག་གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་བློན་པོ་གཉིས་ཀྱིས་རྒྱལ་པོ་ཆེན་པོ་དེ་ལྟར་མཛད་ནས་མི་བཞུགས་ན། ངེད་ཕྱི་ནང་གི་བློན་པོ། བོད་འབངས་རྣམས་ཅི་ལྟར་བྱེད། ཐུགས་རྗེས་གཟུང་དུ་གསོལ་ཞེས་ཞུས་པས། ཡང་རྒྱལ་པོས་དབུ་ཉུག་མཛད་ནས་འདི་སྐད་གསུངས་སོ། །ལེགས་པར་ཉོན་ཅིག་བདག་གི་འཁོར་འབངས་རྣམས། །ཚེ་འདི་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། །དེ་ལ་སྙོམ་ལས་ལེ་ལོ་མ་བྱེད་ཅིག །འཆི་བདག་བདུད་ནི་རི་གཟར་ཆུ་དང་འདྲ། །དེ་ལ་ལོང་ཡོད་རྟག་པར་མ་འཛིན་ཅིག །སྒྱུ་ལུས་ཕུང་པོ་སོས་ཀའི་མེ་ཏོག་འདྲ། །མེ་ཏོག་སད་ཀྱིས་ནམ་ཁྱེར་ངེས་པ་མེད། །ཚེ་འདིའི་བྱ་བ་སྤང་ལ་དམ་ཆོས་མཛོད། །མི་རྟག་འཆི་བར་བསམས་ལ་བརྩོན་འགྲུས་བསྐྱེད། །ང་དང་ཁྱེད་རྣམས་འབྲལ་མེད་རྟག་ཏུ་འགྲོགས། །གསུངས་ཏེ་མི་སྣང་བར་གྱུར་ཏོ། །དེར་ཁོང་རྣམས་གཅིག་ལ་གཅིག་ལྟ་ཞིང༌། ཡབ་ཡུམ་གསུམ་སྤྲུལ་པའི་སྐུར་འདུག་པ་ལ། བཞུགས་པའི་དུས་མོས་གུས་ཆུང་འདུག་ཅེས་སྨྲ་ཞིང་ཡོད་པ་ལ། ཞང་བློན་སྣ་ཆེན་པོ་དང༌། སྦས་ལྕང་དཔལ་གྱི་ལེགས་བཟང་གཉིས་བྱུང་སྟེ། རྒྱལ་པོ་ཡབ་ཡུམ་གསུམ་གར་