R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 289
[A:289]བཞུད་ཅེས་ལན་གསུམ་ཟེར་བ་ལ། ཡབ་ཡུམ་གསུམ་དེ་ལྟར་མཛད། ཡི་དམ་ལ་ཐིམ་པ་བཤད་ཀྱང་ཡིད་ཆེས་མི་འོང་བསམས་ཏེ། འཆད་མ་ཤེས་ནས་གཅིག་གདོང་གཅིག་ལ་བལྟ་ཞིང་མིག་ཧུ་རེ་ལུས་སོ། །དེར་ཁོང་གཉིས་ཁྲོས་ཏེ། རྒྱལ་པོ་ཡབ་ཡུམ་གར་བཞུད་ལན་གསུམ་དྲིས་པས་མི་འཆད་པར་ངན་པ་ཁྱེད་གཉིས་གསོད་པ་ཡིན་ཟེར་ནས་རལ་གྲི་ཕྱུང་བས། དེར་མང་བཟའ་ན་རེ། རྒྱལ་པོ་ཡབ་ཡུམ་སྤྲུལ་པའི་སྐུར་འདུག་པ། ཡབ་ཡུམ་གསུམ་ག་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་ནས་བཞུད་དོ། །ཟེར་ནས་ངུས་པས། དེ་ལ་ཡང་ཡིད་མ་ཆེས་པར་དབོན་སྲས་ལ་ཞུས་པས། དེར་དབོན་སྲས་ཀྱིས། དང་པོར་ཞལ་གདམས་རྒྱས་པར་གསུངས་པ། དེ་རྗེས་བཙུན་མོ་གཉིས་རྒྱལ་པོ་ལ་ཐིམ་པ། དེ་ནས་མེས་རྒྱལ་པོ་ཡང་ཡི་དམ་གྱི་ཐུགས་ཀར་ཐིམ་པ་སོགས་རྒྱས་པར་གསུངས་པས། དེར་ཁོང་གཉིས་ཀྱང་ཡིད་ཆེས་སོ། །དེར་བློན་པོ་ཐོན་མིས་རྒྱལ་པོ་སྤྲུལ་པའི་སྐུར་འདུག་པའི་རྒྱུ་མཚན། ཁྲ་འབྲུག་ཏུ་བན་སྤྲང་ལ་ཨ་མི་དྷེ་བའི་ཞལ་བསྟན་པ་དང༌། ལི་ཡུལ་གྱི་དགེ་ཚུལ་གཉིས་ལ་ཨ་མི་དྷེ་བའི་ཞལ་བསྟན་པ། ལྷ་སའི་རབ་གནས་མཛད་དུས་རྒྱལ་པོས་གསོལ་བ་བཏབ་པས། སྐད་ཅིག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་ནམ་མཁའ་ལ་བྱོན་པ་ལ་སོགས་པ་བཤད་པས། དེར་ཐམས་ཅད་ཡིད་ཆེས་ཏེ། འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པར་འདུག་པ། ཡབ་ཡུམ་གསུམ་བཞུགས་པའི་དུས་སུ་མོས་གུས་ཆུང་འདུག་ཟེར་ཏེ། ཆོས་རྒྱལ་སྤྲུལ་པའི་སྐུ་ཟེར་ཞིང་ཐམས་ཅད་མྱ་ངན་གྱིས་ས་ལ་འགྱེལ་ལོ། །དེར་ཡང་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་སྟེ། ས་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀ་ནས་འོད་ཟེར་ཁ་