R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 292
[A:292]རྣམས། །མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ། །གནས་དེར་ཁྱེར་ནས་ཕྱག་དང་མཆོད་པ་ཕུལ། །དེ་ལྟར་འགྲན་མེད་རྒྱལ་པོའི་བང་སོ་དེ། །ཡུལ་དེའི་ལྷ་སྲུང་རྣམས་ལ་ཕྲིན་བཅོལ་མཛད། །གསོལ་བ་བཏབ་ནས་སླར་ཡང་ཡུལ་དུ་བྱོན། ། ཕན་བདེའི་འོད་ཀྱིས་ཕྱོགས་བཅུར་ཁྱབ་པར་མཛད། །ཅེས་སོ། ། བཅོ་བརྒྱད་པ། དབོན་སྲས་མང་སྲོང་མང་བཙན་གྱི་སྐོར། དེས་ན་དབོན་སྲས་མང་སྲོང་མང་བཙན་གྱིས། དགུང་ལོ་བཅུ་གསུམ་ལོན་དུས་རྒྱལ་སྲིད་བཟུང༌། བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་བྱ་བ་ཁབ་ཏུ་བཞེས། རྒྱལ་ཁམས་ལ་དབང་བསྒྱུར། འདིའི་དུས་སུ་རྒྱའི་རྒྱལ་པོས་རྒྱལ་པོ་སྲོང་བཙན་སྒམ་པོ་མི་བཞུགས་པར་ཤེས། མགར་གྱིས་རྒྱ་ཡུལ་ཕུང་བར་བྱས་པ་རྣམས་དྲན་ནས། རྒྱའི་དམག་འབུམ་ཚོ་ལྔ་བཏང་ནས་བོད་འཇོམས་པ་དང༌། ཇོ་བོ་ཤཱཀྱ་གདན་འདྲེན་ཟེར་བ་ལ་སོགས་ཀྱི་གཏམ་བྱུང་བ་ལ་སྐྲག་ནས། ཇོ་བོ་ར་མོ་ཆེ་ནས་ལྷ་སར་གདན་དྲངས། ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་ནས། སྒོ་ལ་ཞ་ལ་བགྱིས་ཏེ། འཇམ་དབྱངས་ བཞེངས་སོ། །རྒྱལ་སྲིད་ལོ་བཅོ་ལྔ་བཟུང་སྟེ། དགུང་ལོ་ཉི་ཤུ་རྩ་བདུན་ལ་གཙང་གི་བར་སྣང་སྒང་དུ་འདས་སོ། །མང་སྲོང་བང་སོ་དེ་ཡི་གཡོན་ན་ཡོད། །བང་སོ་དེ་ཡང་རིན་ཆེན་ནོར་གྱིས་བཀང༌། །མིང་ནི་སྔོ་གཞེ་ཧྲལ་པོ་ཟེར་བ་ལགས། ། བཅུ་དགུ་པ། འདུལ་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་སྐོར། མང་སྲོང་མང་བཙན་གྱི་སྲས་ལ། འདུལ་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཡིན་ཏེ། ཡབ་འདས་ཞག་བདུན་ལོན་དུས་ཆུ་ཕོ་བྱི་བ་ལ་སྒྲག་ཕུ་རུ་འཁྲུངས། མགར་གྱི་སྲས་གཉའ་བཙན་ལྡེམ་བུ་དང༌། སྟག་ར་ཁོང་ལོད་གཉིས་ཀྱིས་བློན་པོ་བྱས་ནས་རྒྱལ་ཁམས་ལ་དབང་བསྒྱུར། མཆིམས་བཟའ་བཙུན་མོ་ཏོག་བྱ་བ་ཁབ་ཏུ་བཞེས།