R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 293
[A:293] རྒྱལ་པོ་འདིའི་དུས་སུ་བློན་པོ་རྩལ་པོ་ཆེ་མི་བདུན་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག རྔོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཁྱོག སྣོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲ་རྐེད་པར་བཅད། དབས་འདོང་སྒོང་གིས་མིག་རྒྱང་གསུམ་རེ་ལ་མདའ་རྒྱང་རེས་སླེབ། འགོས་གཡག་ཆུང་གིས་ཤ་བའི་རླུད་ཕུར་བྱེ་མས་བཀང་སྟེ་གླད་ལ་བསྐོར་ནུས། ཅོ་རོ་འབྲོང་ཤེར་གྱིས་འབྲོང་མཐུར་ལ་རྒྱུག་པ་གྱེན་ལ་འཐེན་ཐུབ། སྣོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་གཡང་ལ་མཆོང་བ་གྱེན་ལ་འཐེན་ཐུབ་པ་རྣམས་བྱུང༌། མངའ་ཐང་དཔལ་འབྱོར་ནི་ལྷ་དང་མཉམ། སྟོབས་དང་མཐུ་རྩལ་གྱིས་ནི་མཐའ་བཞི་ལས་རྒྱལ་ཏེ། ལྷ་སར་མེས་སྲོང་བཙན་སྒམ་པོའི་དགོངས་དུས་ཀྱི་མཆོད་པ་བཙུག མཐའི་རྒྱལ་པོ་ཡང་དབང་དུ་འདུས་པ་ཙམ་བྱུང་ནས། སྔ་གོང་བོད་ཀྱི་རྒྱལ་པོ་རིམ་པར་བྱོན་པ་རྣམས་ལས་མཐུ་སྟོབས་ཆེ་བ་ཞིག་བྱུང་སྟེ། དགུང་ལོ་ཉི་ཤུ་རྩ་དགུ་རྒྱལ་སྲིད་བཟུང་ནས་ལྗང་གི་ཡུལ་དུ་འདས་སོ། །འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད། །བང་སོ་ལྷ་རི་ཅན་ཞེས་གྲགས་པར་གྱུར། །དེ་ནི་ཧོར་གྱི་མི་སྡེས་བརྩིགས་པ་ལགས། །མིང་ནི་སེང་གེ་བརྩིག་པ་ཟེར་རོ་སྐད། ། ཉི་ཤུ་པ། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐོར། རྒྱལ་པོ་འདུལ་སྲོང་མང་པོ་བཙན་གྱི་སྲས། ཁྲི་ལྡེ་བཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་སྟེ། ལྕགས་ཕོ་འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས། དགུང་ལོ་བཅུ་ལ་རྒྱལ་སྲིད་བཟུང༌། བློན་པོ་སྐྱི་བཟང་སྟོང་བཙན། མཆིམས་རྒྱལ་ཤུགས་སྟེང༌། འབྲོ་ཆུ་བཟང་འོར་གསུམ་གྱིས་བློན་པོ་བྱས། རྒྱལ་ཁམས་ལ་དབང་བསྒྱུར། ལྗང་མོ་ཁྲི་བཙུན་བྱ་བའི་བཙུན་མོ་ཁབ་ཏུ་བཞེས། རྒྱལ་པོ་དེས་འཕྱིན་ཕུ་ནས། མེས་