R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 294
[A:294]སྲོང་བཙན་སྒམ་པོའི་ཞལ་ཆེམས་ཟངས་ཀྱི་བྱང་བུ་ལ་བྲིས་པ་རྙེད་དེ། གཟིགས་པས་ང་ནི་གདུང་རབས་ལྔ་ན་རྒྱལ་པོ་ཁྲི་དང་ལྡེ་ཞེས་བྱ་བའི་དུས་སུ་དམ་པའི་ཆོས་དར། པཎྜི་ཏ་མང་པོ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་འགྱུར་ཞེས་པ་དེ། རྒྱལ་པོ་ཁོང་རང་ཡིན་དགོངས་ནས། བྲན་ཁ་མུ་ལེ་ཤོ་ཀ་དང་གཉགས་ཛྙ་ན་ཀུ་མ་ར་གཉིས་ཕོ་ཉར་བརྫངས་ཏེ། གངས་རི་ཏི་སེ་ལ་པཎྜི་ཏ་སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་གཉིས་སྤྱན་འདྲེན་དུ་བཏང་བས་གདན་མ་འདྲོངས་པ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ནས་འོངས་ཏེ། ཡི་གེར་བྲིས་ནས་གླེགས་བམ་ལྔ་བཞེངས་ནས་དེ་རྣམས་ཀྱི་བཞུགས་ས་ལ་ལྷ་ཁང་ལྔ་བརྩིགས་ཏེ། བྲག་དམར་ཀ་རུ། ཁ་ཆེ་འགྲིན་བཟང༌། ལྷ་ས་ཁ་བྲག འཕྱིན་ཕུ་ནམ་རལ། མང་གོང་གི་ལྷ་ཁང་དང་ལྔ་བཞེངས། རྒྱ་ཡུལ་ཀེ་མ་ཤི་ནས་མདོ་གསེར་འོད་དམ་པ་དང༌། འདུལ་བ་ལས་རྣམ་པར་འབྱེད་པ་བསྒྱུར་རོ། །པེ་ཙི་ཙནྡྲ་ཤྲཱིས་སྨན་དཔྱད་མང་པོ་ཡང་བསྒྱུར་རོ། །དེ་རྣམས་ཀྱི་ཡོན་ཏན་གྱིས་བཙུན་མོ་ལྗང་མོ་ཁྲི་བཙུན་ལ་སྲས་ལྗང་ཚ་ལྷ་དབོན་ཞེས་བྱ་བ་ལྷའི་གཟུགས་བྱད་ལྟ་བུ་ཤིན་ཏུ་མཚར་བ་ཅིག་འཁྲུངས་སོ། །དེ་ལ་བོད་ན་ཁབ་འོས་པ་མ་རྙེད་ནས། མེས་སྲོང་བཙན་སྒམ་པོའི་ལུགས་སུ་བྱ་ཟེར། རྒྱ་ནག་གི་རྒྱལ་པོ་ཛུང་ཛུང་རྒྱལ་པོའི་སྲས་མོ་ཀྱིམ་ཤིང་ཀོང་ཇོ་ལ་རིན་དང་སྐྱེས་བསྐུར་ནས་ལེན་དུ་བཏང་ངོ༌། །དེར་བོད་ཀྱི་བློན་པོས་རྒྱ་རྗེ་ལ་རིན་དང་སྐྱེས་ཕུལ་བས། རྒྱ་རྗེས་སྲས་མོ་ལ་འགྲོའམ་མི་འགྲོ་གསུངས་པ་དང༌། ཀོང་ཇོས་ལེགས་ཉེས་སྟོན་པའི་མེ་ལོང་ཞིག་ཡོད་པ་ལ་དམོད་བོར་ཏེ་ལེགས་པར་ཕྱིས་ནས་བལྟས་པས། ཚེ་འདིའི་གྲོགས་སྐལ་བོད་ན་ཡོད་པར་ཤེས་ཤིང༌། རྒྱལ་བུ་དེ་ཡང་མཚར་ཞིང་ཡིད་དུ་འོང་བ་ཞིག་མཐོང་ནས་