[A:295]བོད་དུ་འགྲོ་བར་མོས་སོ། །དེར་ཡང་རྒྱལ་པོ་དེས་རྫོངས་དཔག་ཏུ་མེད་པ་བསྐུར། རྒྱལ་པོ་ཡང་འཁོར་མང་པོ་དང་བཅས་པ་བུ་མོ་སེམས་ལ་འཕྲེང་བས། ཞིང་ཕེང་ཧེན་ཟེར་བའི་མཁར་རྩིག་ཆེན་པོ་གཅིག་ཡོད་པའི་ས་ཆ་བར་དུ་སྐྱེལ་ཐུང་མཛད་དོ༑ ༑དེར་གུར་ཆེན་པོ་ཕུབ་ཅིང༌། བོད་ཀྱི་གསེར་ཡིག་པ་རྣམས་ལ་སྟོན་མོ་ཆེན་པོ་བྱས་ཏེ། རྒྱལ་པོའང་སྤྱན་ཆབ་མང་པོ་ཕྱུང་ནས། སྲས་མོ་ལ་བསླབ་བྱ་མང་པོ་མཛད། མཁར་དེ་ལ་གཏོགས་པའི་ཉེས་པ་ཅན་ཐམས་ཅད་ཐར་དུ་བཅུག་གོ །ལོ་གཅིག་གི་བར་ལ་དམག་དང་འདབ་ནོར་ཐམས་ཅད་མེད་པར་མཛད་དེ། མཁར་དེའི་མིང་ཀྱིམ་ཤིང་ཧེན་བྱ་བར་བཏགས་སོ། །དེ་ནས་བློན་པོ་ཆེ་བ་གཉིས་དམག་དང་བཅས་པའི་སྐྱེལ་མ་བཏང་སྟེ་བོད་དུ་འོངས་སོ། །དེར་རྒྱ་བོད་ཀྱི་མཚམས་སུ་སླེབ་པ་དང༌། བོད་དུ་བློན་པོ་རྣམས་ཀྱིས་རྒྱལ་བུ་གདན་དྲངས་ཏེ། མཚན་མོ་ཟླ་བའི་འོད་ལ་ཐམས་ཅད་ཀྱིས་རྟ་རྒྱུགས་པ་ལ་དེར་རྒྱལ་བུས་ཀྱང་རྟ་རྒྱུགས་པས། རྟས་བསྐྱུར་ཏེ་འདས་སོ། །དེ་ལྟར་བཙུན་མོ་སླེབ་ཁར། རྒྱལ་བུ་གྲོངས་ནས་ཐམས་ཅད་མྱ་ངན་གྱིས་ནོན་ནོ། །ལྗང་ཚ་ལྷ་དབོན་བང་སོ་མེས་ཀྱི་མདུན། །ཟླུམ་པོར་བརྩིགས་ནས་གཏེར་ཡང་སྦས་སོ་སྐད། །དེ་ནས་ཀོང་ཇོ་དཔོན་གཡོག་རྣམས་ཀྱིས། རྒྱ་བོད་ཀྱི་མཚམས་སུ་སླེབས་པ་དང༌། ཀོང་ཇོ་ལ་གློ་བུར་དུ་སྙིང་ལ་མདའ་ཕོག་པའི་སྡུག་བསྔལ་འདྲ་བ་ཞིག་བྱུང་ནས། དེ་མ་ཁད་མེ་ལོང་ཕྱིས་ནས་བལྟས་པས། སྔར་གྱི་རྒྱལ་བུ་གཟུགས་བྱད་མཛེས་པ་དེ་མེད་པར་རྒད་པོ་བཞིན་མི་སྡུག་པ་བྱད་སྤུས་ཁེངས་པ་ཞིག་འདུག་ནས་ཤིན་ཏུ་ཡི་མུག་པར་གྱུར་ཏེ་འདི་སྐད་ཟེར་རོ༑ ༑མེ་ལོང་གི་བརྡ་ཆད་མཐོང་བ་ན། །བུ་མོའི་སྙིང་ལ་གཅོང་ཅིག་ཞུགས། །རང་ཡུལ་དུ་ལོག་པ་ཤུལ་ཐག་རིང༌། །བུ་མོའི་ཕ་མིང་སྙིང་རིང་པོ། །བོད་དུ་འགྲོ་བའི་