R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 296
[A:296]རེ་ཐག་ཆད། །བོད་ཀྱི་བློན་པོ་སྡིག་པོ་ཆེ། །ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམ། ། ལས་ཀྱི་མེ་ལོང་བསླུ་བ་མཁན། །ཟེར་ཏེ་མེ་ལོང་ལ་བརྡེག་ཅིང་ངུས་སོ། །དེ་ནས་བོད་ཀྱི་རྒྱལ་པོས་ཕོ་ཉ་བཏང་སྟེ། རྒྱ་མོ་དཔོན་གཡོག་རྣམས་ལ་ཁྱོད་ཀྱི་སྐྱེས་པའི་འོས་ངའི་བུ་ལྷ་དང་འདྲ་བ་ཞིག་ཡོད་པ་དེ། རྐྱེན་ངན་པས་འདས། ད་དེ་ཁྱེད་རང་ཡུལ་དུ་ལོག་གམ། ངེད་ལ་བལྟས་ནས་འོང་ཞེས་ཡི་གེ་བཏང་བས། དེར་རྒྱ་མོ་ན་རེ༑ བུ་མོའི་འདུན་མ་ལན་ཅིག་ཡིན་པ་སྐྱིད་སྡུག་ཅི་བྱུང་ཡང་བོད་དུ་འགྲོ་ཟེར་འོངས་སོ། །དེར་བོད་དུ་སླེབས་པ་དང༌། རྒྱ་མོ་ན་རེ། ངའི་ཨ་ནེའི་ལྷ་ཁང་བལྟའོ་ཟེར་ཏེ། ར་མོ་ཆེར་ཕྱིན་པས། དེ་ན་ཇོ་བོ་མི་བཞུགས་པར་འདུག་ནས་འཕྲུལ་སྣང་དུ་འོངས་པ་དང༌། ཇོ་བོ་ལྷོ་སྒོ་མེ་ལོང་ཅན་ན་བཞུགས་པར་ཤེས་ནས་སྒོ་ཕྱེ་སྟེ༑ ཇོ་བོ་དེ་ནས་བཏོན་ནས། བཙན་ཁང་དབུས་མར་བཞུགས་སུ་གསོལ། ལྷ་ཞལ་མཐོང་གི་མཆོད་པ་བཙུག ཇོ་བོ་གདུང་རབས་གསུམ་གྱི་བར་ལ་མུན་ཁང་དུ་བཞུགས་པ་ལ། རྒྱ་མོས་མཆོད་པ་བཙུགས་པ་ཡིན་ནོ། །དེ་ནས་འཕྱིན་ཕུར་བྱོན་ཏེ༑ མེས་རྒྱལ་པོའི་བཙུན་མོར་མངའ་གསོལ་ལོ། །དེ་ནས་ལོ་དུས་འཁོར་བ་ན། རྒྱལ་བུ་ལུས་ལ་ཞུགས་པ་དང༌། བཙུན་མོ་ཆེ་བ་སྣ་ནམ་བཟའ་བཞི་སྟེངས་ཟེར་བ་ཞིག་ཡོད་པ་ཕྲག་དོག་སྐྱེས་ནས། ང་ལའང་རྒྱལ་པོའི་གདུང་བརྒྱུད་ལུས་ལ་ཡོད་དོ་ཞེས་རྫུན་སྨྲས་ཏེ། དེར་རྒྱ་མོ་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལྕགས་ཕོ་རྟའི་ལོ་ལ་བྲག་དམར་དུ་སྐུ་འཁྲུངས་པས། སྣ་ནམ་བཟའ་རྒྱ་མོའི་རྩར་བྱུང༌། ཤིན་ཏུ་བློ་ཉེ་བ་ལྟར་བྱས་ནས། རྒྱ་མོའི་བུ་ཆུང་འཕྲོག་སྟེ། ང་རང་ལ་སྐྱེས་པ་ཡིན་ནོ་ཟེར་བསྙོན་བྱས་སོ། །དེར་རྒྱ་མོས་རང་གི་ནུ་མ་བསྟན། སྨྲེ་སྔགས་བཏོན། ཆོ་ངེས་བོས་ཀྱང་བུ་ཆུང་མ་བཏང་བས། བློན་པོ་རྣམས་སྦྲན། རྒྱལ་པོ་ལ་ཞུས་པས། དེར་