R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 134
[A:134]ནད་སོས་པར་འགྱུར་རོ། །མི་རྣམས་འཐབ་རྩོད་ཀྱི་ཞེ་སྡང་རབ་ཏུ་འབར་བར་གྱུར་ན་ཡང༌། རྟེན་དེའི་ཞལ་མཐོང་བ་ཙམ་གྱིས་ཞེ་སྡང་རབ་ཏུ་ཞི་ནས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་འགྱུར་རོ། །དེ་ནས་ཨ་མས་ཇི་ལྟར་གསུངས་པ་བཞིན་དུ། དེའི་སང་ཨ་མ་མྱ་ངན་ལས་འདས་སོ། །ཞག་གཅིག་མ་ཐིམ་པ་ལ་སྐྱོན་ཅི་བྱུང་བལྟས་པས། ཞབས་གཡས་པའི་མཐེའུ་ཆུང་མ་ཐིམ་པར་འདུག་གོ །དེ་ལྟར་སྐུ་འདི་དང་ཇོ་བོ་ཤཱཀྱ་རྣམ་གཉིས་རྒྱ་གར་རྡོ་རྗེ་གདན་ན་བཞུགས་པ་ལས། དེ་ནས་རྒྱལ་བརྒྱུད་མང་པོ་ཞིག་འདས་པའི་ཚེ། རྒྱ་གར་ན་ཆོས་རྒྱལ་དྷརྨ་པཱ་ལ་བཞུགས་སོ། །དེ་དང་དུས་མཉམ་དུ་རྒྱ་ནག་ན་རྒྱ་རྗེ་སྤྲི་སྟི་མ་ཛ་ཡ་བྱ་བ་ཡོད་པ་ལ༑ རྒྱ་གར་གྱི་རྒྱལ་པོ་དང༌། རྒྱ་ནག་གི་རྒྱལ་པོ་གཉིས་མ་མཐོང་མ་འཕྲད་པའི་གྲོགས་པོ་བྱས་སོ། །དེར་རྒྱ་ནག་གི་རྒྱལ་པོས་རྒྱ་གར་གྱི་རྒྱལ་པོ་ལ་སྐྱེས་གསུམ་བསྐུར་བའི་ཐ་མ་ལ། ཟ་འོག་གི་གོས་སྲུབ་མེད་པ་དཔལ་གྱི་བེའུ་བཞི་སྙིང་གར་སྤུངས་འོང་བ་ཞིག་བསྐུར་བྱུང་བས། རྒྱ་གར་གྱི་རྒྱལ་པོའི་ཐུགས་ལ། རྒྱ་ནག་གི་རྒྱལ་པོ་དེ་ལ་འདོད་པ་ཆེན་པོ་ཡོད་པར་འདུག ཅི་འདོད་དམ་སྙམ་མོ། །དེ་ནས་ཡི་གེ་གཅིག་བསྐུར་བྱུང་བས་ཁ་ཕྱེས་པས་འདི་ལྟར་རོ། །རྒྱ་གར་ཆོས་སྐྱོང་རྒྱལ་པོ་བསྟན་པའི་བདག །སྔོན་བསགས་བསོད་ནམས་འབྲས་བུ་ཐོབ་པའི་མཐུས། ། མངའ་ཐང་དཔལ་འབྱོར་དཔག་མེད་ཆོས་ཀྱི་གཏེར། །འདོད་རྒུའི་ལོངས་སྤྱོད་མངའ་ཞབས་ཕན་བདེས་བསྐྱོང༌། །ཡུལ་ལས་ཁྱད་འཕགས་རྒྱ་གར་ཡུལ་དུ་བཞུགས། །བསོད་ནམས་བསགས་པས་རྟེན་གྱིས་འཕངས་པ་མེད། །བདག་ཅག་མཐའ་འཁོབ་རྒྱ་ནག་རྒྱལ་པོ་ང༌། །རྒྱལ་བའི་བཀའ་མེད་སྟོན་པའི་སྐུ་མེད་ཅིང༌། ། བདག་གི་ཡུལ་ན་ཆོས་ཀྱི་སྐབས་མེད་པས། ཁྱེད་ཀྱིས་བདག་ལ་བཅོམ་ལྡན་