R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 303
[A:303]སོ༑ ༑དེར་བློན་པོ་འགོས་དང༌། ཞང་ཉང་བཟང་དང༌། གཉེར་སྟག་བཙན་འདོང་གཟིགས་ལ་སོགས་པའི་ཆོས་བློན་རྣམས་བཞེངས་ཏེ། རྗེ་གཅིག་ལགས། ཤེལ་གྱི་མཆོད་རྟེན་ཤང་རི་དང་མཐོ་དམའ་མཉམ་པ་ནི་སྐྱེ་བ་འདི་ལ་གྲུབ་པ་མི་སྲིད། རྒྱ་ཡུལ་མཐོང་བའི་མཁར་བསམ་པས་འགྲུབ་པ་མི་སྲིད། བོད་མངའ་རིགས་ཀྱི་ཟངས་ཐམས་ཅད་བསྡུས་ཀྱང༌། ཧས་པོ་རི་འཐུམས་པ་མེད། ཝ་ལུང་གྲོག་མོ་གསེར་ཕྱེ་མའི་བྱེ་མས་ཀྱང་མི་ཁེངས། ཁྲོན་པ་འདོམ་དགུ་བརྒྱ་བས་བརྒྱ་ཡང་འབྲུ་མི་ཐུབ། གཙངཔོ་སྦུབས་སུ་དགུན་ཚུད་ཀྱང་དབྱར་མི་ཚུད། དེ་བས་རྗེའི་ཐུགས་དམ། འབངས་ཀྱི་སྐྱབས་གནས། ཕན་བདེ་ཐམས་ཅད་འབྱུང་བའི་གཞི་མ༑ གཙུག་ལག་ཁང་བྲེ་ཚད་ཙམ་ཞིག་བཞེངས་པ་ལགས་ཞུས་པས། དེར་ཐམས་ཅད་ཁ་འཆམ་པར་དེ་བཞིན་ལེགས་སོ་ཞེས་གདའོ། །དེ་ནས་རྒྱལ་པོའི་ཞལ་ནས། སློབ་དཔོན་ཆེན་པོ་ངའི་ཕ་མ་གཉིས་པོ་གང་ན་འདུག་ཞུས་པས། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ཁྱེད་ཀྱི་ཡབ་ནི། རྒྱ་གར་གྱི་ཡུལ་ན། པཎྜི་ཏ་ཆེན་པོ་ཞིག་ཏུ་སྐྱེས་འདུག་སྟེ། ཁྱེད་ཀྱི་དབོན་སྲས་ཀྱི་དུས་སུ།
པཎྜི་ཏ་དཱ་ན་ཤཱི་ལ་ཡིན་པར་ལུང་བསྟན་
བོད་དུ་འབྱོན་པར་འདུག ཁྱེད་ཀྱི་ཡུམ་ནི། ཟུང་མཁར་ན་དབུལ་པོ་བཟའ་མི་གཉིས་ཀྱི་བུ་མོར་སྐྱེས་འདུག་སྟེ། མིང་དང་རུས་ནི་འདི་ལྟར་རོ་ཞེས་ལུང་བསྟན། དེ་ནས་རྒྱལ་པོས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལ། ཚེ་སྤང་eds: ༼སྤོང་༽བཟའ་མེ་ཏོག་སྒྲོན། འཁར་ཆེན་བཟའ་འཚོ་རྒྱལ།
བཙུན་མོ་འདི་སློབ་དཔོན་ལ་དབང་ཡོན་དུ་ཕུལ་ལོ། །
འབྲོ་བཟའ་བྱང་ཆུབ་སྒྲོན། མཆིམས་བཟའ་ལྷ་མོ་བཙན་རྣམས་སོ། །ཡང་ཡུམ་གྱི་དྲིན་བསབ་པའི་ཕྱིར། དབུལ་པོ་བཟའ་མིའི་བུ་མོ་ཁབ་ཏུ་བཞེས་ཏེ། ཕོ་ཡོང་བཟའ་རྒྱལ་མོ་བཙུན་ཞེས་གྲགས་སོ། །
ལོ་རྒྱུས་ཤིག་ན། རྒྱལ་པོའི་ཡུམ་གྱི་སྐྱེ་བ་བུ་མོ་དེ། འཕན་ཡུལ་