R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 304
[A:304]
ཟུར་ཆུ་ནས་རྙེད་ཟེར་བ་འདུག་སྟེ། གང་ལྟར་ནའང་ཕོ་ཡོང་བཟའ་ཡིན་པར་དོན་མཐུན་ནོ། །
དེ་ནས་སློབ་དཔོན་གྱིས་གཙུག་ལག་ཁང་བརྩིག་པའི་ས་དཔྱད་གཟིགས་པས། ཤར་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ་དེ་བཟང༌། རི་ཆུང་བྱ་མས་བུ་ལ་སྒབ་པ་འདྲ་དེ་བཟང༌། སྨན་རི་རིན་ཆེན་སྤུངས་པ་འདྲ་དེ་བཟང༌། ཧས་པོ་རི་བཙུན་མོ་དར་དཀར་གྱི་ན་བཟའ་གསོལ་བ་འདྲ་དེ་བཟང༌། རི་ནག་ལྕགས་ཕུར་ས་ལ་བཏབ་པ་འདྲ་དེ་བཟང༌། མེ་ཡར་དྲེའུ་ཆུ་འཐུང་བ་འདྲ་དེ་བཟང༌། དེལ་ཐང་དར་དཀར་གྱི་ཡོལ་བ་འཐེན་པ་འདྲ་དེ་བཟང༌། ས་གཞི་ནི་གསེར་གཞོང་གུར་གུམ་གྱིས་བཀང་བ་འདྲ་དེ་བཟང་བས། རྗེའི་ཐུགས་དམ་འདིར་བཞེངས་ཤིག་གསུངས་ནས་ཕྱག་བྲིས་མཛད་དོ། །དེ་ནས་སློབ་དཔོན་གྱིས་འདྲེ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ནས་འགལ་རྐྱེན་མེད་པར་མཛད་དེ། ཡ་རབས་རིགས་བཙུན་ཞིང་ཕ་མ་དྲུག་eds: ༼དྲུང་༽ལྡན་གྱི་བུ་དང་བུ་མོ་རྒྱན་དུ་མས་བརྒྱན་པ་ལྔ་བཅུ། རིན་པོ་ཆེའི་བུམ་པར་བཀྲ་ཤིས་ཀྱི་ཆུས་གང་བ་ཐོགས་ཏེ། ས་ཕུར་བཏབ། ས་གཞི་བྱིན་གྱིས་བརླབས་སོ། །དེ་ནས་རྒྱལ་པོས་བློན་པོ་དང༌། བོད་འབངས་ཐམས་ཅད་ལས་ལ་བསྐུལ་ཏེ། དབུས་སུ་རིའི་རྒྱལ་པོ་རི་རབ་ལ་དཔེ་བླངས་ནས། དབུ་རྩེ་ཆེན་མོ་རྨང་བཏིང་ཙམ་ན། རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་ནས། སྔ་སོར་ཨཱརྱ་པ་ལོ་གླིང་བཞེངས་ཏེ། རྟེན་གྱི་གཙོ་བོ་ལ་འཕགས་པ་སྤྱན་རས་གཟིགས། དེའི་གཡས་སུ་སྒྲོལ་མ། གཡོན་དུ་འོད་ཟེར་ཅན། ཡང་གཡས་སུ་ཡི་གེ་དྲུག་པ། གཡོན་དུ་དཔལ་རྟ་མགྲིན་ལ་སོགས་པ། གཙོ་འཁོར་ལྔ་བཞེངས་སོ། །སྟེང་དུ་འོད་དཔག་མེད་གཙོ་འཁོར་ལྔ་བཞེངས་སོ། །དེ་ནས་སློབ་དཔོན་གྱིས་རྒྱལ་པོ་ལ་རྟ་མགྲིན་སྒྲུབ་པའི་ལུང་གནང་ནས་སྒྲུབ་པ་མཛད་པས། རྒྱལ་པོས་རྟ་མགྲིན་འགྲུབ་ནས།