R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 305
[A:305] རྟ་སྐད་ལན་གསུམ་བཏོན་པས་འཛམ་བུའི་གླིང་སུམ་གཉིས་སུ་ཐོས་ཏེ། རྒྱལ་པོའི་ཆབ་སྲིད་ཀྱང་འཛམ་གླིང་སུམ་གཉིས་ལ་དབང་བསྒྱུར་བ་ཡིན་གསུངས། དེ་ནས་ཡོས་ཀྱི་ལོ་ལ་དབུ་རྩེ་ཆེན་པོའི་འོག་ཁང་བཞེངས་ཏེ། རྟེན་གྱི་གཙོ་བོ་ལ་ཧས་པོ་རི་ནས་སྤྱན་དྲངས་པའི་རྡོའི་ཐུབ་པ་རང་བྱོན་ལ་རིན་པོ་ཆེའི་འཇིམ་པས་གཡོགས་ཏེ། མཚན་དཔེ་དང་ལྡན་པར་བཞུགས། གཡས་གྲལ་ལ་བྱམས་པ། སྤྱན་རས་གཟིགས། སའི་སྙིང་པོ། དགའ་བའི་དཔལ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ་སོགས་པའོ། །གཡོན་གྲལ་ལ་ཀུན་ཏུ་བཟང་པོ། ཕྱག་ན་རྡོ་རྗེ། འཇམ་དཔལ། སྒྲིབ་པ་རྣམ་སེལ། དགེ་བསྙེན་དྲི་མ་མེད་པ། ཁྲོ་བོ་མི་གཡོ་བ་དང༌། གཙོ་འཁོར་བཅུ་གསུམ་རྣམས་བོད་ཀྱི་ལུགས་སུ་བཞེངས། ལྟེ་བའི་ཕྱི་ལྷའི་རི་མོ་མཛད་པ་བཅུ་གཉིས། ཁ་ནང་ལྟ་ལ་ཏོག་གི་རྒྱུད་རིས། སྔར་ཁང་རྗེའི་ཐུགས་དམ་གྱི་རྒྱུད་རིས་རྣམས་བཞེངས། མཁའ་འགྲོ་མ་སེང་གེའི་མགོ་ཅན་ལ་གཏད། དེ་ནས་བར་ཁང་བཞེངས་ཏེ། རྟེན་གྱི་གཙོ་བོ་ལ་སངས་རྒྱས་རྣམ་པར་སྣང་མཛད། གཡས་ཕྱོགས་ལ་མར་མེ་མཛད། གཡོན་ན་བྱམས་པ༌། མདུན་ན་ཤཱཀྱ་ཐུབ་པ། སྨན་གྱི་ལྷ། སྣང་བ་མཐའ་ཡས་གསུམ་བཞུགས། གཡས་གཡོན་ན་བྱང་སེམས་ཉེ་བའི་སྲས་བརྒྱད། དགེ་བསྙེན་དྲི་མ་མེད་པ། བྱང་ཆུབ་སེམས་དཔའ་དགའ་བའི་དཔལ། ཁྲོ་བོ་ཀང་དང་ཀིང༌། བཟོ་རྒྱ་ནག་གི་ལུགས་སུ་བཞེངས། རྒྱུད་རིས་ལ་ཡུམ་རྒྱས་པ་གླིང་གཞིའི་ལེའུ་གདོང་ལ་རྒྱལ་ཆེན་བཞི། བསྐོར་ཁང་ཁ་ཕྱིར་ལྟ་ལ་མཆོད་རྟེན་བརྒྱད་པ། མྱ་ངན་ལས་འདས་པའི་རྒྱུད་རིས། ཁ་ནང་ལྟ་ལ་སྤྲིན་ཆེན་པོའི་རྒྱུད་རིས། སྔགས་ཁང་ལ་ཕྱོགས་བཅུའི་སངས་རྒྱས་དང༌། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས། བསམ་ཡས་ཀྱི་ཆོས་སྐྱོང་རྣམས་ཀྱི་འབག ཆོས་སྐྱོང་རྒྱལ་