R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 306
[A:306]པོ་ཤིང་བྱ་ཅན་ལ་གཏད། སྟེང་ཁང་གི་གཙོ་བོ་སངས་རྒྱས་རྣམ་པར་སྣང་མཛད་ཀུན་ཏུ་ཞལ་རེ་རེ་ལ་འཁོར་གཉིས་རེ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། ནང་གི་ལྷ་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཁྲོ་བོ་མི་གཡོ་བ་དང་ཕྱག་ན་རྡོ་རྗེ། བཟོ་རྒྱ་གར་གྱི་ལུགས་སུ་བཞེངས། རྒྱུད་རིས་མདོ་སྡེ་ས་བཅུ་པ། ཆོས་སྐྱོང་རྒྱལ་པོ་ཟངས་མའི་འབེ་ལོག་ཅན་ལ་གཏད། ཐོག་རྒྱ་ཕུབ་ཟ་འོག་རིས་སུ་བྱས། ལྕོག་བཞི་ན་སངས་རྒྱས་དགའ་བའི་དཔལ་ལ་འཁོར་བྱང་ཆུབ་སེམས་དཔས་བསྐོར་བ། ཆོས་སྐྱོང་ལག་ན་རྡོ་རྗེ་གོས་སྔོན་ཅན་བཞི་ལ་གཏད། དེ་ནས་འཁོར་ས་བར་པ་བརྩིགས་ཏེ། ལྷོ་ཕྱོགས་ཀླུའི་བང་མཛོད་རོལ་ཆས་བཀང༌། གནོད་སྦྱིན་ལག་ན་དབྱུག་ཐོ་ཐོགས་པ་མཆེད་གསུམ་ལ་གཏད། ནུབ་ཕྱོགས་མདོ་རྒྱུད་ཆོས་ཀྱི་བང་མཛོད་སུམ་བརྒྱ་དང༌། བོད་དང་རྒྱའི་དཔེ་ཆ་གླེགས་བམ་གྱིས་བཀང་སྟེ། ཨ་ཙ་ར་ལག་ན་སྤུ་གྲི་ཐོགས་པ་གསུམ་ལ་གཏད། བྱང་ཕྱོགས་རིན་ཆེན་གཏེར་གྱི་བང་མཛོད་གསུམ་གསེར་དངུལ་ཟངས་ལ་སོགས་པས་བཀང་སྟེ། གཤིན་རྗེ་གཤེད་ལག་ན་བེ་ཅོན་ཅན་གསུམ་ལ་གཏད། རྒྱུད་རིས་ལ་རྒྱ་ཆེར་རོལ་པ་བྲིས། དེའི་བར་ལ་སངས་རྒྱས་སྟོང་དང་ཁྲི་ལ་སོགས་པ་བྲིས་སོ། །དེ་ནས་འཁོར་ས་ཆེན་པོ་བསྐོར་ཏེ། དཔལ་རྣམ་པར་སྣང་མཛད་ངན་སོང་སྦྱོང་བའི་དཀྱིལ་འཁོར་བཞེངས་སོ༑ ༑མདའ་ཡབ་ཀྱི་ངོས་གསུམ་ན་རིགས་ལྔའི་ལྡེར་སོ་ཞལ་ཕྱིར་བལྟ་བ། ནང་དུ་སྟུག་པོ་བརྒྱན་པ། ནོར་བུ་བཟང་པོ་ཆོས་སྐྱོང་ཀླུའི་རྒྱལ་པོ་ཨཱ་ནནྡ་ལ་གཏད། རྒྱབ་ཏུ་རྡོ་རིང་བཙུགས་ཆོས་སྐྱོང་སི་ཧ་མུ་ཁ་ལ་གཏད། དབུ་རྩེའི་སྒོ་གསུམ་རྣམ་པར་ཐང་པའི་སྒོ། །གྲུ་སྐས་དྲུག་ནི་ཕ་རོལ་ཕྱིན་པ་དྲུག །འོག་ཁང་རྡོ་ལ་བར་ཁང་