R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 135
[A:135]འདས་ཀྱི་སྐུ། །དགུང་ལོ་བཅུ་གཉིས་བཞེས་པའི་སྐུ་ཚད་དང༌། །མདོ་ལྔ་དག་དང་དགེ་སློང་བཞི་གྲྭ་གཅིག །བརྩེ་བས་བདག་ལ་གནང་བར་མཛད་དུ་གསོལ། ། ཟེར་བར་འདུག་པས། དེར་རྒྱལ་པོའི་ཐུགས་ལ་ངའི་ཡུལ་ན་ཐེག་པ་ཆེན་པོའི་ཆོས་ཡོད། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་དང༌། ཉན་ཐོས་དགྲ་བཅོམ་པ་ཡང་བཞུགས། ཁོའི་ཡུལ་ན་དེ་རྣམས་མེད་པས། ངའི་ཡུལ་འདིར་ཆོས་མི་ནུབ་ཅིང༌། ཁོའི་ཡུལ་དེར་ཆོས་དར་འོང་ཐག་ཆོད་པས། ཇོ་བོ་རང་ལ་གསོལ་བ་བཏབ་ལ་བསྐུར་དགོས་བསམས་ཏེ། ཕོ་བྲང་དུ་ཇོ་བོའི་དྲུང་དུ་བྱོན་པ་དང༌། ཇོ་བོ་ཞལ་ལྷོར་གཟིགས་བཞུགས་པ་དེ། ཤར་ལ་གཟིགས་འདུག་པས། འདི་སྙམ་དུ་སེམས་ཏེ། རྒྱ་ནག་ཏུ་འབྱོན་པ་ལ་ཇོ་བོ་རང་ཀྱང་ཐུགས་དགྱེས་པར་འདུག་གོ་སྙམ་མོ། །དེ་ནས་གཟིངས་ཆེན་པོ་ཅིག་བྱས་དེའི་སྟེང་དུ་ཇོ་བོ་ཤཱཀྱ་དང༌། དཀོན་མཆོག་གསུམ་བཞུགས། གཟིངས་ཀྱི་སྟེང་དུ་དར་དང་རིན་པོ་ཆེའི་གུར་ཕུབ། རོལ་མོ་དང་དར་པོ་ཆེ་ལ་སོགས་པ་དཔག་ཏུ་མེད་པ་བྱས་ཏེ། རྒྱ་གར་ནས་རྒྱ་ནག་ཏུ་འབབ་པའི་ཆུ་ཆེན་པོ་ཞིག་ཡོད་པ་དེ་ལ་གཟིངས་བཏང་ནས། རྒྱལ་པོས་ལན་མཛད་པ། ཀྱེ་མ་རྒྱ་ནག་རྒྱལ་པོ་གསན་མཛོད་ཅིག །བདག་གི་མཆོད་གནས་སྟོན་པའི་ཞལ་སྐྱིན་འདི། །ཡོན་བདག་ལྷ་དབང་བརྒྱ་བྱིན་ཁོང་གིས་མཛད། །རྒྱུ་ནི་རིན་ཆེན་རྣམ་པ་བཅུ་ལས་གྲུབ། །འདིའི་བཟོ་བོ་བི་ཤྭ་ཀརྨས་མཛད། །རབ་གནས་སངས་རྒྱས་ཉིད་ཀྱིས་མཛད་པ་ལགས། །དེ་ལྟར་འགྲན་མེད་རྒྱལ་བའི་དབང་པོ་འདི། །མཐོང་ཐོས་དྲན་རེག་གསོལ་བ་བཏབ་གྱུར་པས། །སངས་རྒྱས་མྱུར་དུ་ཐོབ་པར་རྒྱལ་བས་གསུངས། །དེ་ལྟར་ཡོན་ཏན་ལྡན་པའི་ཇོ་བོ་འདི། ། བདག་གི་ལུས་ཀྱི་སྙིང་ལྟར་གཅེས་ན་ཡང༌། ཁྱེད་ཀྱི་སྐྱེས་དང་བཀའ་སྩལ་ལྕི་བ་