R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 308
[A:308]དང༌། ལོ་པཎ་སྒྲ་བསྒྱུར་པའི་གཟུགས་སོ། །ཆོས་སྐྱོང་གནོད་སྦྱིན་རཱ་ཧུ་ལ་ལ་གཏད། ནུབ་བ་ལང་སྤྱོད་ཀྱི་གླིང་གསུམ་ཟླུམ་པོར་ཡོད་པ་ལ་དཔེ་བླངས་ནས། ནུབ་ཏུ་ལྷ་ཁང་གསུམ་བརྩིགས་ཏེ། དེ་ཡང་དཔའ་བོ་བཻ་རོ་ཙ་ན་གླིང་ན་རྣམ་པར་སྣང་མཛད་ཟངས་ལ་བཞེངས་པ། འཁོར་གསང་བ་ཡུམ་བཞི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་རིས། ཆོས་སྐྱོང་གནོད་སྦྱིན་གླང་གི་མགོ་ཅན་ལ་གཏད། དགའ་ལྡན་བྱམས་པ་གླིང་ན། མགོན་པོ་བྱམས་པ་གཙོ་འཁོར་བདུན། སྒོ་སྲུང་གཤིན་རྗེ་གཤེད་གཉིས། རྒྱུད་རིས་ལ་གནས་བརྟན་བཅུ་དྲུགབསམ་ཡས་བཞེངས་ལུགས་དང༌། འཇིག་རྟེན་གཏན་བཞག་རྣམས་བྲིས། ཆོས་སྐྱོང་ཁྲོ་བོ་གོས་སྔོན་ཅན་ལ་གཏད། མི་གཡོ་བསམ་གཏན་གླིང་ན། རྣམ་པར་སྣང་མཛད་རིགས་ལྔ། ཉན་ཐོས་བཅུ་དྲུག རྒྱུད་རིས་ལ་གསེར་འོད་དམ་པ་ནས་ཁྱེའུ་ཆུ་འབེབས་ཀྱི་རི་མོ། ཆོས་སྐྱོང་རྒྱལ་པོ་དངུལ་མགོ་ཅན་ལ་གཏད། བྱང་སྒྲ་མི་སྙན་གྱི་གླིང་གསུམ་གྲུ་བཞིར་ཡོད་པ་ལ་དཔེ་བླངས་ནས། བྱང་དུ་ལྷ་ཁང་གསུམ་བཞེངས་ཏེ། དེའང་རིན་ཆེན་སྣ་ཚོགས་གླིང་ན་ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ། རྒྱུད་རིས་ལ་དགའ་ལྡན་དུ་བཅོམ་ལྡན་འདས་ཀྱིས་ཡུམ་ལ་ཆོས་གསུངས་པ། དྲིན་ལན་བསབས་པ་རྣམས་བྲིས། ཆོས་སྐྱོང་རྒྱལ་པོ་ལྕགས་ཀྱི་སྡེར་མོ་ཅན་ལ་གཏད། སེམས་བསྐྱེད་བྱང་ཆུབ་གླིང་ན་སངས་རྒྱས་པདྨ་ཅན། སྒྲིབ་པ་རྣམ་སེལ། ཕྱག་ན་རྡོ་རྗེ། བདུད་རྩི་འཁྱིལ་བ། རྒྱུད་རིས་མདོ་སྡེ་དཀོན་མཆོག་སྤྲིན་དང༌། རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བ་རྣམས་བྲིས། ཆོས་སྐྱོང་མཁའ་འགྲོ་མ་སེང་གེའི་མགོ་ཅན་ལ་གཏད། པེ་དཀར་དཀོར་མཛོད་གླིང་ན་ཤཱཀྱ་ཐུབ་པ་གཙོ་འཁོར་དགུ། ཡབ་སྲས་མཇལ་བའི་རྒྱུད་རིས། གློ་འབུར་རྣམས་ན་བསམ་ཡས་