[A:309]བཞེངས་པའི་ནོར་ལྷག་མ། འདི་ན་འདི་ཡོད་ཀྱི་རྩིས་ཡིག དེའི་སྲུང་མ་ཁྲམ་ཁང་གི་རྒྱལ་པོ་ལ་གཏད། ལྷ་ཁང་སྤྱིའི་བསྟན་སྲུང་ལ། སློབ་དཔོན་གྱིས་ཟ་ཧོར་གྱི་ཡུལ་ནས། ལྷའི་དགེ་བསྙེན་ཆེན་པོ། བདུད་ཀྱི་དམག་དཔོན་ཆེན་པོ། སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ལ་དབང་བྱེད་ཅིང༌། སྐྱེ་འགྲོ་ཐམས་ཅད་ཀྱི་དབུགས་ལེན། སྲོག་བདག་ཆེན་པོ་པེ་ཧ་ར་ལ་གཏད་ཅིང༌། པེ་དཀར་གྱི་གླིང་དུ་རྟེན་བཙུགས་སོ།། ཉི་མ་ལྷ་ཁང་ཡག་ཤ་གོང་མ་གང་བ་བཟང་པོའི་ལྷ་ཁང་ན་ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ། རྒྱུད་རིས་སངས་རྒྱས་སྟོང་རྩ་གཉིས། ཟླ་བ་ལྷ་ཁང་ཡག་ཤ་འོག་མ་ནོར་བུ་བཟང་པོའི་ལྷ་ཁང་ན། ལྷ་ཁང་རྒྱུད་རིས་གོང་དང་མཐུན། ཚང་མང་ཀེའུ་གླིང་ན་སྟེང་ན་བ་སོ་ལྷ་ཁང༌། དག་བྱེད་ཁྲུས་ཁང་གླིང་ན་ཁྲོན་པ་ཙནྡན་གྱིས་གང་བ༑ མཐུ་གཏད་ཀླུ་ཁང་གླིང་ན། སེ་བ་ཕུང་པོ་ཡལ་ག་བརྒྱད་ཡོད་པ་གཅིག་ལ། ཀླུ་ཆེན་བརྒྱད། དབུས་ན་ཕྱག་ན་རྡོ་རྗེ། ཞི་བ་འདུལ་བྱེད་རྒྱུད་རིས། རུས་སྦལ་ཉ་ཆུ་སྲིན་ལ་སོགས་པའོ། །དེ་ནས་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཉན་ཐོས་ཀྱི་ལུགས་སེང་གེས་བརྒྱན་པ། ཤུད་པུ་དཔལ་གྱི་སེང་གེས་ལག་དཔོན་བྱས་ནས་བཞེངས། ཆོས་སྐྱོང་གནོད་སྦྱིན་སྐར་མདའ་ཅན་ལ་གཏད།
མཆོད་རྟེན་དཀར་པོའི་སྲོག་ཤིང་རྒྱལ་ཆེན་བཞིས་བཙུགས་ནས་བཞུགས་ལ་སངས་རྒྱས་ཀྱི་རིང་བསྲེལ་མ་ག་དྷའི་བྲེའི་ཁལ་གཅིག གཉེན་པོ་གསང་བ་ཡབ་ཀྱི་ཡི་དམ། མདོ་སྡེ་ལྔ་རྣམས་བཞུགས་པས་བྱིན་རླབས་ཆེ།
མཆོད་རྟེན་དམར་པོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལུགས་པདྨས་བརྒྱན་པ། སྣ་ནམ་རྒྱལ་ཚ་ལྷ་གནང་གིས་ལག་དཔོན་བྱས་ནས་བཞེངས། ཆོས་སྐྱོང་གཟའ་མིག་དམར་ལ་གཏད། མཆོད་རྟེན་ནག་པོ་རང་སངས་རྒྱས་ཀྱི་ལུགས། ངམ་སྟག་སྒྲ་ཀླུ་གོང་གིས་ལག་དཔོན་བྱས་ནས་བཞེངས། ཆོས་སྐྱོང་གནོད་སྦྱིན་ལྕགས་ཀྱི་མཆུ་