R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 310
[A:310]ཅན་ལ་གཏད། མཆོད་རྟེན་སྔོན་པོ་དཔལ་ལྷ་ལས་བབས་པ་དེ་བཞིན་གཤེགས་པའི་ལུགས། ལྷ་ཁང་སྒོ་མོ་བཅུ་དྲུག་གིས་བརྒྱན་པ། མཆིམས་རྡོ་རྗེ་སྤྲེལ་ཆུང་གིས་ལས་དཔོན་བྱས་ནས་བཞེངས། ཆོས་སྐྱོང་གནོད་སྦྱིན་ཉི་མའི་གདོང་ལ་གཏད། དེའི་ཚེ་འདྲེ་མོ་འོད་ཅན་མས་མི་ཐམས་ཅད་ལ་གནོད་འཚེ་བྱས་པས། སློབ་དཔོན་གྱིས་བྱམས་པ་གླིང་དུ་མཆོད་རྟེན་འོད་འབར་བ་བརྩིགས་ཏེ། འདྲེ་མོ་མནན། གནོད་འཚེ་མེད་པར་མཛད་དོ། །དེ་ནས་ལྕགས་རི་ཟུར་མངས་རྡོ་རྗེ་འགྲོས་ནི། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱི་ཚུལ་དུ་བཞུགས་ནས་རེ་རེ་ལ་སངས་རྒྱས་ཀྱི་རིང་བསྲེལ་རེ་རེ་བཞུགས་སོ། །དེ་ནས་བཙུན་མོ་གླིང་གསུམ་ནི། འགྲོ་བཟའ་བྱང་ཆུབ་སྒྲོན་གྱིས་དགེ་རྒྱས་བྱེ་མ་གླིང་བཞེངས་ཏེ། སངས་རྒྱས་སྣང་བ་མཐའ་ཡས་གཙོ་འཁོར་བདུན་ལི་མ་རུ་བཞེངས། གཡས་ན་རིགས་གསུམ་མགོན་པོ༑ གཡོན་ན་སྨན་གྱི་བླ། ཀུན་ཏུ་བཟང་པོ། མི་གཡོ་བ་རྣམས་བཞུགས། སྲས་མེད་ཕ་མིང་ཐག་རིང་བས། མ་འོངས་པའི་དུས་སུ་ལྷ་ཁང་ལ་ཞིག་རལ་བྱུང་ན། གསོ་མཁན་མ་བྱུང་དོགས་ནས། རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུས་སྦྱར། ཟངས་ཀྱིས་ཐོག་ཕུབ། རོལ་མོར་ཇང་བཏག མར་མེའི་ཚབ་ཏུ་ནོར་བུ་འོད་ཁ་གདུང་མར་བཏག ཡོན་ཆབ་ཏུ་ཁྲོན་པ་བཅོས་སོ། །ཚེ་ཡང་བཟའ་མེ་ཏོག་སྒྲོན་ལ་སྲས་གསུམ་འཁྲུངས་ཏེ། མུ་ནེ་བཙད་པོ། མུ་རུག་བཙད་པོ། མི་མུག་བཙད་པོ་སད་ན་ལེགས་དང་གསུམ་ཡོད་པའི་ཡབ་ཀྱི་དབུ་རྩེ་རིགས་གསུམ་ལ་དཔེ་བླངས་ནས། ཁམས་གསུམ་ཟངས་ཁང་གླིང་གི་ལྷ་ཁང་བཞེངས་སོ། །ཕོ་ཡང་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁར་གླིང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བཞེངས། ལྷ་བཟོ་ལ་སོགས་པ་བཟོ་བོ་རྣམས་ལ་དུས་རེ་ལ་ཟས་སྣ་བཅུ་གསུམ་རེ་དྲངས་