R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 311
[A:311]པས། དེའི་བཟང་ལན་དུ་བཟོ་ཁྱད་བཅུ་གསུམ་བྱས་པ་ལ། ཕྱི་ན་རྩིག་པ་མེད་དེ། རྡོ་རྗེ་ལྟ་བུར་སྲ་བ་བཟོའི་ཁྱད། ནང་ན་ཀ་བ་མེད་དེ། གུར་ལྟ་བུར་མཛེས་པ་བཟོའི་ཁྱད། ས་གཞི་ར་གན་ལས་བྱས་པ། གཡུའི་གདུང་མ་ལ་གསེར་གྱི་རྟ་རྒྱུག་པ༑ གསེར་གྱི་གདུང་མ་ལ་གཡུའི་འབྲུག་ཡོད་པ། རྒྱ་ཕུབ་eds: ༼ཕིབས་༽ཁ་ཕྱི་ལྟ་དང་ནང་ལྟ་ཡོད་པ། ནང་གི་ལྷ་རྣམས་ལ་སྤྱི་གདུགས་རེ་དང། སྒོས་གདུགས་རེ་ཡོད་པ༑ སྒོ་འབྱེད་གཅོད་ལ་གསེར་གྱི་བྱེ་རུས་སྐད་འདོན་པ། མཛད་པ་བཅུ་གཉིས་འབུར་དུ་དོད་པ་སོགས། བཟོའི་ཁྱད་ངོ་མཚར་ཅན་བཅུ་གསུམ་བྱས་སོ། །དེ་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སྡེ་སྐོར་ལེགས་པར་བཞེངས་པའི་བཟོ་ཕུད་ལ། ལྷ་སར་ཤིང་བཟོའི་ཕུད་ལ། བཙན་ཁང་དབུས་མའི་མདུན་དུ་སྒོ་མོ་ཆེ་རྟ་བབས་ཀྱིས་བརྒྱན་པ་དང༌། སའི་ཕུད་ལ་སྒོ་སྲུང་རྒྱལ་ཆེན་བཞི་བཞེངས་སུ་གསོལ། དེ་ལྟར་ཡོས་ཀྱི་ལོ་ལ་བསམ་ཡས་ཀྱི་རྨང་བཏིང་ནས་ཡོས་ཀྱི་ལོ་ལ་ཡོངས་སུ་རྫོགས་པར་ཚར་ཏེ། ལོ་སྐོར་གཅིག་འགོར་རོ། །དེ་ནས་རབ་ཏུ་གནས་པར་བྱ་བའི་ཕྱིར། བཟའ་བཏུང་གི་ལོངས་སྤྱོད་དཔག་ཏུ་མེད་པ་བསགས། མངའ་ཞབས་ཀྱི་མི་ཐམས་ཅད་འདུས་ཏེ། དགའ་སྟོན་རྒྱ་ཆེན་པོ་མཛད་དོ། །དེ་ནས་རྒྱལ་པོས་སློབ་དཔོན་དང་བོ་དྷི་ས་ཏྭ་ལ་གསེར་གྱི་ཕྱག་རྟེན་ཕུལ། རྒྱལ་པོས་ཀྱང་རིན་པོ་ཆེ་དུ་མས་བརྒྱན་པའི་ན་བཟའ་གསོལ་ཏེ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་སྡེ་སྐོར་དང་བཅས་པ་ལ༑ རབ་གནས་ངོ་མཚར་ཆེ་བའི་རྣམ་གྲངས་ཡོད་པ་ལན་བདུན་མཛད། སྤྲུལ་པའི་སྐུར་བསྟན་ནོ། །དེའི་རྒྱུད་རིས་ཀྱང༌། དབུ་རྩེའི་སྒོ་རྒྱབ་དང༌། འཁོར་སའི་སྒོ་འགྲམ་གཉིས་ལ་བྲིས་ཡོད་དོ། །
བཀའི་ཐང་ཡིག་ཆེ་མོ་ལས།
དེ་ལྟར་དཔལ་གྱི་