R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 312
[A:312]བསམ་ཡས་ལ། །རབ་གནས་དགའ་སྟོན་མཛད་པའི་དུས། །མཚོ་མོ་གུར་གྱི་དཀྱིལ་དྲུང་དེར། །པདྨའི་སྡོང་པོ་སྐྱེས་པའི་གནས། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས། །ཡིད་འོང་བཙུན་མོ་ལྔ་པོ་ཡང༌། །མཛེས་པའི་རྒྱན་དང་བཅས་ཏེ་བཞུགས། །མཆོད་གནས་ལོ་པཎ་ཐམས་ཅད་ཀྱང༌། །དགྱེས་ཤིང་ཆོས་ཀྱི་སྒྲོག་གླེང་མཛད། །ཆོས་བློན་གཙོ་བོ་ཐམས་ཅད་ཀྱང༌། །རྒྱལ་པོ་བཞུགས་པའི་མཐའ་ལ་བསྐོར། །དེ་ལྟར་མངའ་འོག་སྤྱོད་པའི་འབངས། །དབུས་གཙང་སྡེ་རིགས་ཐམས་ཅད་ནས། །མ་འཚོགས་བྱ་བ་གང་ཡང་མེད། །བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་ཀྱིས། །གང་ལ་ཅི་འདོད་ཐམས་ཅད་ཚིམས། །དགའ་བའི་བྲོ་བརྡུང་སྐྱིད་པའི་གླུ། །ཉིན་རེ་བཞིན་དུ་རྒྱུན་ཆད་མེད། །གདུགས་དང་རྒྱལ་མཚན་བ་དན་སོགས། །གུང་ལ་ཉི་མ་གྲིབ་པ་ཙམ། །འདབ་ཆགས་བྱ་ལ་འཕུར་ས་མེད། །མགོ་ནག་མི་ཡིས་ས་གཞི་ཁེངས། །སིལ་སྙན་རོལ་མོ་འབྲུག་བཞིན་ལྡིར། །གྱི་ལིང་རྟ་ལ་རྒྱུག་ས་མེད། ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། ། རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང༌། ། འབྲུག་དང་སེང་ཕྲུག་གར་མཁན་དང༌། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །དེ་ལྟར་རྗེ་འབངས་ཐམས་ཅད་ཀྱིས།། དགའ་བའི་ལུས་ལ་རང་དབང་མེད། །བྲོ་བརྡུང་ནམ་མཁའི་ཆར་པ་འདྲ། །སྐྱིད་པའི་སེམས་ལ་དྲན་འཛིན་མེད། །རང་རང་མོས་པའི་གླུ་རེ་ལེན། །དེ་ལྟར་མི་རྗེ་ལྷས་མཛད་པ། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །རིན་ཆེན་ཁྲི་ལས་བཞེངས་ནས་ནི། །རྒྱལ་པོ་དགྱེས་པའི་གླུ་བླངས་པ། །ང་ཡི་དབུ་རྩེ་རིགས་གསུམ་འདི། ། རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་