[A:136]དེས། །ཡུལ་དེའི་སེམས་ཅན་དགེ་ལ་བཀོད་ཕྱིར་དུ། །བདག་གིས་ཁྱེད་ལ་མཆོད་གནས་འབུལ་བར་བགྱི། ཁྱེད་ཀྱིས་དད་ཅིང་གུས་པས་ཕྱག་འཚོལ་ཅིག །
ཅེས་སྤྲིང་ངོ༌། །དེ་ནས་རྒྱ་ནག་གི་རྒྱལ་པོ་དགའ་ཞིང་མགུ་ལ་ཡི་རངས་ནས། བསུ་བ་རོལ་མོ་བསམ་གྱིས་མི་ཁྱབ་པ་བྱས་ཏེ། ཇོ་བོ་དཀོན་མཆོག་གསུམ་དང་བཅས་པ་རྒྱ་རྗེ་ཛ་ཡའི་ཕོ་བྲང་དུ་ཕེབས། སེམས་ཅན་ཐམས་ཅད་ཕན་བདེ་ལ་བཀོད་ནས། རྒྱ་ནག་མཐའ་འཁོབ་ཐུལ་ཏེ་དམ་པའི་ཆོས་དར་བར་མཛད་དོ། ། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གསུམ་བཞེངས་པ་དང་རབ་ཏུ་གནས་པར་མཛད་པའི་ལེའུ་སྟེ་གཉིས་པའོ། །
གསུམ་པ། རྒྱ་ཧོར་གྱི་ཡུལ་དུ་དམ་པའི་ཆོས་དར་བ་དང༌། རྒྱལ་པོའི་རྣམ་གྲངས་ཇི་ལྟར་བྱོན་པ་བསྟན་པའི་སྐོར། དེ་ནས་ཇོ་བོ་ཤཱཀྱ་དང༌། ཙནྡན་གྱི་ཇོ་བོ་རྒྱ་ནག་གི་ཡུལ་དུ་བྱོན། རྒྱ་ནག་ཏུ་དམ་པའི་ཆོས་ཇི་ལྟར་དར་བསམ་ན། རྒྱ་ནག་གི་དེབ་ཐེར་ཆེན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ན། རྒྱ་ནག་གི་རྒྱལ་པོ་སྔ་བ་ཅིའུ་ཞེས་པ།
རྒྱལ་པོ་འདི་དང༌། རྒྱ་གར་གྱི་རྒྱལ་པོ་གཞུ་བརྟན་གཉིས་དུས་མཉམ།
དེ་ནས་རྒྱལ་རབས་བཞི་སོང་བ་ན། ཅིའུ་དབང་རྒྱལ་བྱ་བ་རྒྱལ་སར་བྱོན་ནས་ལོ་ཉི་ཤུ་རྩ་བཞི་ལོན་པའི་ཤིང་ཕོ་སྟག་གི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ཀྱི་ཉིན། སངས་རྒྱས་ཀྱི་དུས་མཆོད་གཅིག་ཏུ་ངོས་འཛིན་པ་མ་གཏོགས་ལོའི་དབང་ཐང་མ་མཐུན། རྒྱའི་དེབ་ཐེར་ན་འདི་ག་འདུག
ནུབ་ཕྱོགས་ནས་འོད་དང་སྒྲ་ལ་སོགས་པ་ངོ་མཚར་ཆེ་བའི་ལྟས་མང་པོ་བྱུང་བ་ལ། རྒྱ་ནག་གི་རྩིས་པ་རྣམས་ཀྱིས་རྩིས་བྱས་པས་བཅོམ་ལྡན་འདས་འཁྲུངས་པར་ངོ་ཤེས། བཅོམ་ལྡན་འདས་ཀྱིས་དགུང་ལོ་སུམ་ཅུ་ལ་མངོན་པར་སངས་རྒྱས་ནས། དགའ་ལྡན་དུ་ཡུམ་ལ་ཆོས་འཆད་པར་བྱོན། དེའི་ཤུལ་དུ་རྒྱལ་པོ་ཨུ་ཏྲ་ཡ་ནས་