[A:318]མུ་ནེ་བཙན་པོ་ལ་རྒྱལ་སྲིད་གཏད་ནས། ཡབ་ཟུང་མཁར་སྨྱུག་མ་མཁར་གྱི་ཕོ་བྲང་ལ་བྱོན་ཏེ་བཞུགས་སོ། །འདི་དག་ནི་ཟུར་ཙམ་བསྡུས་པ་ཡིན་གྱིས། རྒྱས་པར་འདོད་ན་བསམ་ཡས་ཀྱི་བཀའ་གཙིགས་ཆེན་མོ་ལ་གཟིགས་ཤིག དེ་ལྟར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེ་དགུང་ལོ་ལྔ་བཅུ་ང་དྲུག་པ་ཤིང་མོ་གླང་གི་ལོ་ལ་ཟུང་མཁར་དུ་གཤེགས་སོ། །
དེའི་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་ཡབ་ཀྱི་རྒྱབ་ངོས་གཡས་ན་ཡོད། །དེ་ནི་མ་གྲོངས་པ་ནས་ཉིད་ཀྱིས་བརྩིགས། །མིང་ནི་འཕྲུལ་རི་བཙུག་སྣང་བྱ་བར་བཏགས། །དེ་ཡི་རྩ་ན་རྡོ་རིང་ཞིག་ཀྱང་ཡོད། །བང་སོ་ཕྱི་རྒྱན་ཅན་དུ་གྲགས་པར་གྱུར། །ཞེས་སོ། །
ཉེར་གཉིས་པ། སྲས་མུ་ནེ་བཙན་པོ་ནི། ཆུ་ཕོ་སྟག་གི་ལོ་ལ་བྲག་དམར་དུ་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་བརྒྱད་ལ་རྒྱལ་སྲིད་བཟུང༌། རྒྱལ་ཁམས་ལ་དབང་བསྒྱུར། བཙུན་མོ་རུ་ཡོང་བཟའ་མདོ་རྒྱལ་ཁབ་ཏུ་བཞེས། དགེ་བ་བཅུའི་ཁྲིམས་བཟུང༌། ཡབ་ཀྱི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་འདུལ་བ་དང་མངོན་པ་དང༌། མདོ་སྡེ་གསུམ་གྱི་མཆོད་པ་བཙུགས། མཆོད་རྟེན་ཆེན་པོ་བཞིའི་གདུགས་དང༌། དབུ་རྩེའི་བྱ་འདབ་ལྕགས་ཐག་གིས་སྦྲེལ། དར་པོ་ཆེ། འཕན་ཆེན་པོ་རྣམས་འཕྱར། མཆོད་པ་དཔག་ཏུ་མེད་པ་ཕུལ་ཏེ། རྒྱལ་པོའི་ཞལ་ནས། ངའི་ཡབ་ཀྱི་གཙུག་ལག་ཁང་འདི་རྣམས་ལ། ཁྱེད་བོད་འབངས་ཐམས་ཅད་ཀྱིས་རྟ་ཕྱུགས་དང༌། མཚོན་ཆ་མ་གཏོགས་པ། གཞན་གསེར་དངུལ། གཡུ་མུ་ཏིག་ལ་སོགས་པའི་དངོས་པོ་གང་འདུག་ཕུལ་ཅིག་གསུངས་པས། རྗེའི་བཀའ་བཙན་པས། ལ་ལས་ནི་གསེར་དངུལ་རིན་པོ་ཆེ་མང་པོ་ཕུལ། ལ་ལས་ནི་གཡུ་དང་བེར་