R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 319
[A:319]དར་ཟབ་ཕུལ། ལ་ལས་ནི་གོས་དང་རྒྱན་ཕུལ། ལ་ལས་ནི་གོས་ཧྲུལ་པོ་དང༌། རས་སླག་ལ་སོགས་པ་ཕུལ་བས། རྒྱལ་པོའི་ཞལ་ནས། ཁྱེད་བོད་འབངས་རྣམས་དད་པ་ཆེ་ཆུང་ཁྱད་རེ་ཆེ། ལ་ལས་ནི་ནོར་དཔག་མེད་འབུལ། ལ་ལས་ནི་རས་ཧྲུལ་དང་རས་སླག་མིན་པ་མི་འབུལ་ལོ་ཞེས་གསུངས་པས། བོད་འབངས་རྣམས་ན་རེ། དད་པ་ཆེ་ཆུང་ཡོད་པ་མ་ལགས་ཏེ། ཕྱུག་པོ་རྣམས་ལ་འབུལ་རྒྱུ་ཡོད། དབུལ་པོ་རྣམས་ལ་འབུལ་རྒྱུ་མེད་པས་ལན་ཞེས་ཞུས་པས། རྒྱལ་པོའི་ཞལ་ནས། ངའི་མངའ་འོག་འདིར་མི་རྣམས་ལ་ལྟོགས་ཕྱུག་ཁྱད་འདི་ཙམ་འོང་བ་མི་འོས་གསུངས་ཏེ། ལྟོགས་ཕྱུག་ལན་གསུམ་སྙོམས་པས། ལོ་རེ་ཙམ་མ་གཏོགས་ཕྱུག་པོ་རྣམས་ནི་སྔར་ལྟར་ཕྱུག དབུལ་པོ་རྣམས་ནི་སྔར་བཞིན་ལྟོགས་པས། རྒྱལ་པོའི་ཞལ་ནས། ལྟོགས་ཕྱུག་ལན་གསུམ་སྙོམས་ཀྱང༌། སྐྱིད་སྡུག་ལ་ཁྱད་འདི་ཙམ་ཡོད་པ་ཅི་ཡིན། གང་གིས་ལན་ཞེས་གསུངས་པས། མཆོད་གནས་རྣམས་ན་རེ༑ འདི་དག་ནི་སྔོན་གྱི་སྦྱིན་ཤུགས་ཡིན་ཞེས་ཞུས་པས། ལས་རྒྱུ་འབྲས་ལ་རྒྱལ་པོ་ཐུགས་ཆེས་སོ། །དེ་ལྟར་རྒྱལ་པོས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། མཆོད་གནས་རྣམས་དང༌། རབ་ཏུ་བྱུང་བ་རྣམས་ནི་དབུའི་ལ་ཐོད་བཞིན་ཁུར། འཚོ་བ་བླ་ནས་སྦྱོར། ཆབ་སྲིད་ནི་ཕན་པ་དང་བདེ་བས་བསྐྱངས་སོ།། བཙུན་མོ་ཕོ་ཡོང་བཟའ་རྒྱལ་མོ་བཙུན་ཟེར་བ་དེ། ཡབ་རྒྱལ་པོའི་ཡུམ་རྒྱ་མོ་བཟའི་སྐྱེ་བ་ཡིན་པས། ཡབ་ཀྱི་ཐུགས་ལ་འཕྲེང་བར་གྱུར་ཏེ། ཡབ་ཟུང་མཁར་དུ་བྱོན་དུས་སྲས་ལ་གཏད་མཉེར་མཛད་པས་སྲས་ཀྱིས་ཁབ་ཏུ་བཞེས། ཡབ་རྒྱལ་པོ་གྲོངས་དུས། ཕོ་ཡོང་བཟས་རྒྱན་མ་བཀྲོལ། མྱ་ངན་མ་བྱས་ཟེར་བ་ལ་བསྙད་བཏགས་ནས། ཡུམ་ཚེ་སྤོང་བཟའ་ཕྲག་དོག་སྐྱེས་ཏེ། གཤེད་མ་བསྐོས་