R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 321
[A:321]གཙུག་ལག་ཁང་རྣམས་ལ་ཞབས་ཏོག་རྒྱས་པར་མཛད་དོ། །རྒྱལ་པོ་དེ་དགུང་ལོ་ལྔ་བཅུ་ང་ལྔ་བཞེས་དུས། མེ་མོ་བྱ་ལོ་ལ་སྒྲགས་ཀྱི་ཕུར་འདས་སོ། །དེ་ཡི་བང་སོ་འཕྲུལ་རྒྱལ་གཡོན་ན་ཡོད། །བང་སོ་དེ་ཡང་རིན་ཆེན་ནོར་གྱིས་བཀང༌། །ཡུམ་གྱི་ཆབ་གང་བསྐང་པས་མཐོ་བ་ཡིན། །མིང་ནི་རྒྱལ་ཆེན་བང་སོ་ཟེར་རོ་སྐད། །ཞེས་ཟེར་རོ། ། ཉེར་ལྔ་པ། དེར་སྲས་ཆེ་བ་གཙང་མ་ནི་ཆོས་ལ་དགའ་སྟེ་རབ་ཏུ་བྱུང༌། དར་མ་ནི་སྡིག་ལ་དགའ་སྟེ་རྗེའི་འོས་མིན། བར་པ་རལ་པ་ཅན་ལ་སྲིད་གཏད་དོ། །རྒྱལ་པོ་མངའ་བདག་རལ་པ་ཅན་དེ། མེ་ཕོ་ཁྱི་ལ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་ཡབ་འདས་ཏེ། རྒྱལ་སར་བཏོན། བཀའི་བློན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས་བྱས། རྒྱལ་ཁམས་ལ་དབང་བསྒྱུར། བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་ལ་སོགས་པ་བཙུན་མོ་ཆེ་ཆུང་ལྔ་ཁབ་ཏུ་བཞེས། དགེ་བ་བཅུའི་ཁྲིམས་བཟུང༌། རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ། ཤཱི་ལནྡྲ་བོ་དྷི། དཱ་ན་ཤཱི་ལ་ལ་སོགས་པ་སྤྱན་དྲངས། ལོ་ཙཱ་བ་ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། བནྡེ་ཡེ་ཤེས་སྡེ་རྣམས་ཀྱིས་ཆོས་བསྒྱུར་ཏེ། ཆོས་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། བཀའ་བཅད་རྣམ་པ་གསུམ་དུ་མཛད་དོ། །ཐ་ན་བྲེ་སྲང༌། ཞོ་ལ་སོགས་པ་ཐམས་ཅད་ཀྱང་རྒྱ་གར་དང་བསྟུན། ཐོས་བསམ་སྒོམ་གསུམ་གྱི་སྒོམ་གྲྭ་བཙུགས། འཆད་རྩོད་རྩོམ་གསུམ་གྱི་བཤད་གྲྭ་བཙུགས། ཆོས་སྡེ་སུམ་ཅུ་ཐམ་པར་དགེ་འདུན་གྱི་སྡེ་བཙུགས། མཁས་བཙུན་བཟང་གསུམ་གྱི་འདུལ་གྲྭ་བཙུགས། རབ་ཏུ་བྱུང་བ་རེ་རེའི་ཞབས་ཏོག་ལ་འབངས་མི་ཁྱིམ་བདུན་ཕུལ། རྒྱལ་པོ་གུང་ལ་བཞུགས་པ་ལ། དབུའི་རལ་པ་གཡས་གཡོན་གྱི་སྣེ་ལ་དར་