[A:322]ཡུག་བཏགས། དགེ་འདུན་བཞུགས་པའི་གྲལ་གཡས་གཡོན་ལ་བཏིང༌། དེའི་སྟེང་དུ་དགེ་འདུན་བཞུགས་པར་མོས་ལ་དགེ་འདུན་དབུ་སྡེ་གཉིས་ཞེས་གྲགས་སོ༑ ༑ཐུགས་དམ་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པར་འདོད་ནས། ལིའི་ཡུལ་ནས་རིག་བྱེད་ལ་མཁས་པའི་བཟོ་བོ་བོས། བལ་པོའི་ཡུལ་ནས་ལྷ་བཟོ་དང༌། རྡོ་བཟོ་བ་མང་པོ་བོས་ནས་ལྷ་ཁང་དགུ་ཐོག་ཏུ་མཛད་པ་ལ། འོག་གི་ཐོག་གསུམ་སྒོ་དཔེ་དང་བཅས་པ་རྡོ་ལས་གྲུབ། བར་གྱི་ཐོག་གསུམ་སྒོ་དཔེ་དང་བཅས་པ་སོ་ཕག་ལས་གྲུབ། སྟེང་གི་ཐོག་གསུམ་སྒོ་དཔེ་དང་བཅས་པ་ཤིང་ལས་གྲུབ། རྒྱ་ཕུབ་དགུ་བརྩེགས་ཡོད་པ། རྒྱ་ཕུབ་རེ་རེའི་བྱ་འདབ་བར་ན། རབ་ཏུ་བྱུང་བ་ཆོས་ཉན་བཤད་བྱེད་པ་བཞུགས། སྟེང་གི་རྒྱ་ཕུབ་གསེར་འབྲུག་གཡུ་འབྲུག་དང་བཅས་པ། རླུང་གིས་བསྐྱོད་དུས་གདུགས་ལྟར་འཁོར་བ། བར་གྱི་རྩིག་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་ལ། མདའ་ཡབ་དང་པུ་ཤུ། དྲ་བ་དང་དྲ་བ་ཕྱེད་པས་མཛེས་པ། གདུགས་དང༌། རྒྱལ་མཚན་དང༌། རིན་པོ་ཆེའི་ཕྲེང་བ་དང༌། དར་གྱི་ཅོད་པན་དང༌། དྲིལ་བུ་གཡེར་ཁའི་སྒྲ་འཁྲོལ་བ༑ རྒྱ་ཕུབ་རྩེའི་གསེར་འབྲུ་རྒྱབ་རི་དང་མཐོ་དམན་མཉམ་པ། བོད་ཡུལ་ཀུན་ན་འགྲན་ཟླ་དང་བྲལ་ཞིང་མཐོང་བ་ཙམ་གྱིས་དང་བར་བྱེད་ལ། རླུང་ཆེན་རྒྱ་ཕུབ་ཀྱི་ཕྱོགས་བཞིར་ལྕགས་ཐག་བཏང་སྟེ་ཕྱོགས་བཞིར་རྡོའི་སེང་གེ་དང་སྦྲེལ། དེ་ལ་སྟེང་གི་ཐོག་གསུམ་ན་རྗེའི་ཐུགས་དམ་བཞུགས། བར་གྱི་ཐོག་གསུམ་ན་མཆོད་གནས་དགེ་འདུན་བཞུགས། འོག་གི་ཐོག་གསུམ་ན་རྗེ་བློན་འཁོར་དང་བཅས་པ་བཞུགས་སོ། །དེ་ལྟར་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་ཕུད་ལ། ལྷ་སར་ས་ཕུད། ཚངས་པ་དང་བརྒྱ་བྱིན།