R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 137
[A:137]ཙནྡན་གྱི་སྐུ་བཞེངས། བཅོམ་ལྡན་འདས་ལྷ་ལས་བབས་པའི་ཚེ། ཙནྡན་གྱི་སྐུ་ལ་རབ་ཏུ་གནས་པར་མཛད་ནས། མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་འདི་གཉིས་ཀྱིས་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་ལུང་བསྟན་པ་ཡིན། རྒྱ་ནག་གི་རྒྱལ་པོ་ལ་སྔ་བ་ཅིའུ་ཞེས་པ་དེ་ལ་རྒྱལ་བརྒྱུད་སུམ་ཅུ་སོ་དྲུག་བྱུང༌། དེ་རྣམས་ཀྱིས་རིམ་པ་བཞིན་ལོ་བརྒྱ་ཐམ་པའི་བར་རྒྱལ་ས་བཟུང༌། དེ་རྗེས་ཚན་ཧྲི་ཧང་གི་རྒྱལ་པོ་ཟེར་བ་ཕ་བུ་གཉིས་ཀྱིས་ལོ་བདུན་ཅུའི་བར་དུ་རྒྱལ་ས་བཟུང༌། དེ་རྗེས་ཧན་ཀའོ་ཛུང་ཞེས་པའི་རྒྱལ་པོ་བྱུང་ནས། དེའི་རྒྱལ་བརྒྱུད་མི་རབས་བཅུ་གཉིས་ཀྱི་བར་དུ་རྒྱལ་ས་རིམ་པ་བཞིན་དུ་བཟུང༌། དེའི་མཚམས་སུ། ཨཾ་མཾ་ཟེར་བའི་བློན་པོ་ཞིག་གིས་རྒྱལ་ས་ཕྲོགས་ཏེ། ཨཾ་མཾ་གྱིས་ལོ་བཅོ་བརྒྱད་རྒྱལ་ས་བཟུང༌། དེ་རྗེས་ལ་གོང་གི་རྒྱལ་བརྒྱུད་ཧན་ཀའོ་ཛུང་རང་གི་མི་བརྒྱུད་ཡིན་པའི་སླེའུ་བློང་ཟེར་བ་ཞིག་བྱུང་ནས་ཨཾ་མཾ་བསད། སླེའུ་བློང་གིས་རྒྱལ་ས་བཟུང༌། དེ་ལ་བུ་ལྔ་བྱུང་བའི་ཆེ་ཤོས་ཧན་མི་ཏི་ཟེར་བའི་རྒྱལ་པོ་བྱུང༌། དེའི་བུ་ཧན་ཧའོ་ཏིའི་རྒྱལ་པོ་བྱུང༌། དེའི་ལག་ནས་དེའི་བློན་པོ་ཡིན་པའི་ཚ་བོ་ཚའའི་ཟེར་བ་ཞིག་གིས་རྒྱལ་ས་ཕྲོགས་ནས། བློན་པོ་དེའི་མི་བརྒྱུད་རིམ་པ་ལྔས་རྒྱལ་ས་བཟུང༌། དེའི་ལག་ནས་དེའི་བློན་པོ་ཨུམ་ཏི་ཟེར་བ་ཞིག་གིས་རྒྱལ་ས་ཕྲོགས། དེའི་རྗེས་སུ་ཧིའུ་ཙིང་གི་རྒྱལ་པོས་རྒྱལ་ས་བཟུང༌། ཧིའུ་ཙིང་ལ། སྲས་ཆེ་བ་དུང་ཙིང་གིས་རྒྱལ་ས་བཟུང༌། དེའི་རྗེས་ལ་དུང་ཙིང་གི་གཅུང་པོ་སི་ཆེན་གྱིས་རྒྱལ་ས་བཟུང༌།
བུ་སྟོན་གྱི་ཆོས་འབྱུང་ན།
སྤྲི་སྟིམ་རྒྱལ་པོ་ཟེར་བ་འདུག་སྟེ་དོན་མཐུན་གསུངས།
འདིའི་དུས་སུ་ཇོ་བོ་ཤཱཀྱ་དང་ཙནྡན་གྱི་ཇོ་བོ་གཉིས་རྒྱ་ནག་ཏུ་བྱོན་ནས་དམ་པའི་ཆོས་དར་ཟེར་རྒྱའི་ཡིག་ཚང་ན་འདུག དེའི་རྗེས་སུ་དེའི་མི་དཔོན་ཆིང་