[A:328]འདི་རྣམས་ཀྱིས་ལན་ནོ་ཟེར་ཏེ། བཙུན་པ་རྣམས་ལ་མཛུབ་མོ་གཏད་ནས། མིག་ངན་བལྟས་པས། རྒྱལ་པོས་གསན་ཏེ། ངའི་རབ་ཏུ་བྱུང་བ་རྣམས་ལ་སྡིགས་མཛུབ་གཏད་ནས་མིག་ངན་ལྟ་བར་མི་རིགས་པས། ད་ཕྱིས་སུས་བྱས་ནའང་མིག་ཕྱུང་ལ་མཛུབ་མོ་ཆོད་ཅིག་གསུངས་སོ། །དེ་ལྟར་རྒྱལ་པོ་ཆོས་ལ་ཤིན་ཏུ་དཀར་བ་དེ་ལ། སྦས་སྟག་རྣ་ཅན་ལ་སོགས་པ་སྡིག་བློན་རྣམས་ཤིན་ཏུ་མ་དགའ་ནས། ཆོས་ཁྲིམས་འཇིག་པའི་གྲོས་བྱས་ནས། རྒྱལ་པོ་མ་བཀྲོངས་ན་ཆོས་ཁྲིམས་འཇིག་མི་ཐུབ་ཟེར། ལ་ལ་ན་རེ། རྒྱལ་པོ་བཀྲོངས་ཀྱང༌། ལྷ་སྲས་གཙང་མ་དང༌། བློན་པོ་བྲན་ཁ་དཔལ་ཡོན་གཉིས་ཆོས་ལ་དགའ་བས་ཆོས་ཁྲིམས་འཇིག་མི་ཐུབ་ཟེར། དེར་སྔ་སོར་ལྷ་སྲས་གཙང་མ་དང༌། བྲན་ཁ་དཔལ་ཡོན་གཉིས་མེད་པ་བྱས། དེ་རྟིང་ལ་རྒྱལ་པོ་བཀྲོང་བར་ཐག་བཅད། མོ་རྩིས་པ་རྣམས་ལ་བརྔན་པ་བྱིན་ནས། ཐམས་ཅད་ཁ་མཐུན་པར་ལྷ་སྲས་གཙང་མ་འདིར་བཞུགས་ན། སྐུ་ཚེ་ལ་བར་ཆོད་འོང་ཞིང༌། རྒྱལ་སྲིད་འཇིག་པར་འགྱུར་ཞེས་གླེངས་ནས། ལྷ་སྲས་གཙང་མ་དཔའ་གྲོ་མོན་ལ་སྤྱུགས། དེའི་རྗེས་ལ་རྒྱལ་པོ་ལ་སྦས་སྟག་རྣ་ཅན་གྱིས་ཕྲ་མ་ཞུས་ཏེ། ཆོས་བློན་ཆེན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་དང༌། བཙུན་མོ་ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་གཉིས་མི་འོས་པའི་སྤྱོད་པ་བྱས་སོ་ཟེར་ནས། ཆོས་བློན་ཆེན་པོ་ཉེས་མེད་ལ་སྐྱོན་ཕབ་ནས་བཀྲོངས་སོ། །དེ་རྗེས་ལ་རྒྱལ་པོ་དགུང་ལོ་སུམ་ཅུ་སོ་དྲུག་པ་ལྕགས་མོ་བྱའི་ལོ་ལ། རྒྱལ་པོ་འབྲས་ཆང་གསོལ་ནས་གཟིམས་པ་ལ། སྦས་སྟག་རྣ་ཅན་དང༌། ཅོག་རོ་ལྷ་ལོད་གཉིས་ཀྱིས་རྒྱལ་པོ་ལྟག་པ་བསྐོར་ནས་བཀྲོངས་སོ། །འདི་ཡན་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང༌། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཟེར། མངའ་བདག་རལ་